བོད་མི་མཐོང་ཚད་ལ་མེ་མདའ་རྒྱག་གི་འདུག
ཉེ་ཆར་ལྷ་ས་ནས་ཕེབས་པའི་བུད་མེད་གཉིས་ཀྱིས་འདི་ལོར་ལྷ་སའི་ཞི་རྒོལ་སྐབས་བྱུང་བའི་གནས་ཚུལ་ཇི་བཞིན་འགྲེལ་བརྗོད་གནང་དོན། ཕྱི་ཟླ་༣ པའི་ཚེས་༡༤ ཉིན་གྱི་སྔ་དྲོ་ང་ཚོ་བསང་གསོལ་ལ་ཕྱིན་པ་ཡིན། རཱ་མོ་ཆེ་ནས་གྲྭ་པ་ཚོ་མར་གཏོང་གི་མི་འདུག་ཟེར་བ་གོ་སོང༌། དེར་ཕྱིན་སྐབས་རྭ་མོ་ཆེའི་གྲྭ་པ་ཚོས་ཉེན་རྟོག་པའི་རླངས་འཁོར་གཅིག་ཨ་སློག་བརྒྱབ་ཚར་འདུག ཉེན་རྟོག་པ་མང་པོ་བཀྲམ་ནས་གྲྭ་པ་ཚོ་དགོན་པའི་ནང་དུ་བཀག་བསྡད་འདུག བོད་པ་ཚོ་དེར་ལྟ་བར་ཕྱིན་སྐབས་ཁྱེད་ཚོས་འདིར་ལྟ་དགོས་པ་གང་ཡང་ཡོད་མ་རེད་ཟེར་ནས་གཞུང་གི་ཉེན་རྟོག་པས་བོད་པ་ཚོ་ཕྱིར་ཕུད་སོང༌། བོད་རིགས་ཉེན་རྟོག་པ་ཚོར་ཕར་གཤེ་གཤེ་གཏོང་སྐབས་གཡོལ་འགྲོ་ཡི་འདུག ང་ཚོ་མ་སོང་ནས་དེར་བསྡད་ནས་ང་ཚོ་སོ་སོའི་ས་ཆ་ལ་བསྡད་ཡོད། འགྲོ་དགོས་ན་ཁྱེད་ཚོ་སོང་ལབ་པ་ཡིན། དེ་ནས་རིམ་པས་དམག་མི་མགོ་རིལ་དམག་ཆས་མེད་པ་མང་པོ་ཞིག་སླེབས་སོང༌། ཕལ་ཆེར་སུམ་ཅུ་ཙམ་ཡོད་ས་རེད། ཁོ་ཚོའི་ལག་ཏུ་མེ་མདའ་མི་འདུག་སྟེ་གློག་དབྱུག་ཁྱེར་འདུག ཕར་ཚུར་ལབ་གླེང་བྱེད་རེས་བྱེད་སྐབས་ཁོ་ཚོས་སོང་ཟེར་ནས་བརྙས་བཅོས་བྱས་ཡོང་གི དེ་ནས་མི་མང་ལངས་ནས་རྡོ་གཞུས་རེས་བྱས་པ་རེད། རྭ་མོ་ཆེའི་གཙུག་ལག་ཁང་ཉམས་གསོ་བྱེད་ཀྱི་ཡོད་པས་དེར་རྡོ་ག་ཚད་དགོས་དགོས་འདུག ར་མོ་ཆེ་ནས་བར་སྐོར་ལ་ཕྱིན་པ་རེད། བར་སྐོར་ནང་རྡོ་རག་གི་མི་འདུག རྭ་མོ་ཆེའི་མདུན་དུ་ཚེ་དཔག་ལྷ་ཁང་གི་གྲྭ་པ་ཁ་ཤས་བཟུང་སོང༌། ཐོག་མ་རྭ་མོ་ཆེ་ནས་འགོ་ཚུགས་ཏེ་སྐད་འབོད་བྱེད་མཁན་ང་ཚོ་བུ་མོ་ཁ་ཤས་དང་བུ་གཉིས་འདུག དེ་ནས་རིམ་པས་རྒྱ་མིའི་རྒྱལ་དར་ཕབ་ནས་བོད་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་ནས་སྐད་འབོད་བྱས་ཏེ་འགྲོ་དུས་མི་ཧ་ཅང་མང་པོ་འདུག ཕལ་ཆེར་མི་གཅིག་སྟོང་ཙམ་འདུག དེ་ནས་ས་ཁུལ་གང་ས་ནས་ལངས་ཡོང་སོང༌། ང་ཚོ་འབྲས་སྤུངས་སུ་སོང་ནས་གྲྭ་པ་ཚོ་གློད་དགོས་པའི་སྐད་འབོད་བྱེད་དུ་འགྲོ་དགོས་བསམས་སོང༌། རྭ་མོ་ཆེ་ནས་ང་ཚོ་མཉམ་དུ་འགྲོ་མཁན་མི་བཅུ་གཅིག་ཙམ་ཡོད། དེ་ནས་གཙུག་ལག་ཁང་གི་མདུན་དུ་སླེབས་སྐབས་ང་ཚོས་ཁ་བཏགས་གཡོགས་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཟེར་ནས་སྐད་བརྒྱབ། གྲྭ་པ་ཕེབས་མཁན་ཚོའི་སྐེ་ལ་ཁ་བཏགས་གཡོགས་པ་ཡིན། དེར་མི་མང་པོ་ཞེ་དྲག་འདུག ཕལ་ཆེར་ཚང་མ་བོད་རིགས་རེད། རྒྱ་མི་མཐོང་རྒྱུ་མི་འདུག མི་ཁ་ཤས་ཤིག་གིས་པར་རྒྱག་གི་འདུག ཁ་ཤས་ཤིག་ནི་ལྟད་མོ་བལྟས་ནས་བསྡད་འདུག གཙུག་ལག་ཁང་གི་རྒྱབ་ལོགས་སུ་སྣུམ་བཙོང་ས་ཞིག་ཡོད་རེད། དེའི་འགྲམ་དུ་ཉེན་རྟོག་པའི་རླངས་འཁོར་གཅིག་བཞག་ནས། ཉེན་རྟོག་པ་ཚང་མ་ཁང་པའི་ནང་དུ་ཡིབ་བསྡད་འདུག རླངས་འཁོར་དེ་ང་ཚོ་མི་བཅུ་གཅིག་གིས་མགོ་རྟིང་སློག་པ་ཡིན། ཉིན་དེའི་ཕྱི་དྲོ་མ་གཏོགས་དམག་མི་སླེབས་མ་སོང༌། ང་ཚོས་སྐད་འབོད་རྒྱག་རྒྱུ་བྱུང་སོང༌། སེམས་པ་སྐྱིད་པོ་འདྲ་འདུག ཕྱི་དྲོ་དམག་མི་སླེབས་ནས་ཐོག་མར་དུག་རླངས་གཡུགས་སོང༌། དུག་རླངས་གཅིག་ངའི་རྐང་པ་ལ་ཁེལ་སྟབས། རྐང་པ་བཙུགས་རྒྱུ་མེད་པ་ཆགས་སོང༌། དེ་ནས་མེ་མདའ་གང་སར་ཐག་ཐག་བརྒྱབ་ནས། ངེད་གཉིས་ཀྱི་མདུན་དུ་མི་གཉིས་བསད་སོང༌། གཅིག་སྨན་རྩིས་ཁང་གི་སྒོ་འགྲམ་དུ་ཤི་སོང༌། མེ་མདའ་མཁལ་མ་གཡས་པའི་ཐད་ཕོག་འདུག ང་ཚོས་སྨན་རྩིས་ཁང་གི་སྒོ་ཞེ་དྲག་བརྡུངས་པ་ཡིན། ཉིན་དེར་རྒྱ་ནག་གཞུང་གིས་སྨན་ཁང་སུས་ཀྱང་ནད་པ་སྐྱོབ་མི་ཆོག་པའི་བཀའ་བཏང་ཡོད་འདུག གཅིག་དེ་སྤུ་འདབ་རྫོང་གི་ཀབ་ཅིང་ཟ་ཁང་སྒོ་འགྲམ་དུ་ཤི་སོང༌། ཤི་མཁན་གཉིས་ཀ་བུ་རེད་འདུག ཕལ་ཆེར་ལོ་ཉི་ཤུ་རྩ་ལྔ་རྩ་དྲུག་ཙམ་ཡིན་ས་རེད། གྱོན་གོས་ཚང་མ་ཁྲག་གིས་ཁེངས་འདུག གཞན་མི་གཅིག་ལ་དུག་ཕོག་ནས་ང་ཚོའི་སྒོ་རའི་ནང་ཁྱེར་ནས་ཆུ་དང་བྱིན་རླབས་སྤྲད་ནས་སྐྱོབ་ཐུབ་སོང༌། ང་ཚོའི་རོགས་པ་གཅིག་ལ་མདེའུ་གཉིས་ཕོག་འདུག གཅིག་བཏོན་འདུག་སྟེ་གཅིག་ད་དུང་ཤ་དང་པགས་པའི་བར་དུ་ཡོད་པ་རེད། མོས་ཡང་མཐོང་སར་མི་གཉིས་བསད་སོང་ཟེར། མོ་རང་བྲོས་ནས་ཐར་ཙམ་བྱུང་འདུག ཅང་སུའུ་ལམ་ཁ་ཕྱོགས་ནས་ཐང་གྷ་རིལ་སྒང་ནས་བོད་རིགས་མཐོང་ཚད་ལ་མེ་མདའ་བརྒྱབ་ནས་མི་མང་པོ་བསད་སོང་ཟེར། བར་སྐོར་ནང་ཚང་མར་ཆུ་གློད་འདུག བར་སྐོར་ནང་མེ་བརྒྱབ་པ་མིན། ཁ་ཆེ་ལྷ་ཁང་ལ་མེ་བརྒྱབ་པ་རེད། དེ་ཆོས་ལུགས་ཁ་ཆེ་ཡིན་པའི་རྒྱུ་མཚན་གྱི་མ་རེད། ང་ཚོ་ཁོང་ཁྲོ་ལངས་ནས་ནོར་འཁྲུལ་ཤོར་བ་ཞིག་རེད། སློབ་གྲྭར་མེ་བརྒྱབ་ཡོད་པ་མ་རེད། རྒྱ་མིས་སྐྱག་རྫུན་བཤད་ནས་དྲིལ་བསྒྲགས་བྱས་པ་རེད། མི་བསད་པའི་ཕུང་པོ་ཚང་མ་དམག་མིས་ཁྱེར་ནས་མེར་བསྲེག་བཏང་བ་ལས་བོད་པར་ཕུང་པོ་རག་ཡོད་མ་རེད། མི་ཤི་ཚར་བ་རྣམས་དང་རྨས་མ་ཚང་མ་ཅ་ལག་བཞིན་རླངས་འཁོར་ནང་བླུགས་ནས་མེར་བསྲེག་གཏོང་སར་ཁྱེར་འགྲོ་ཡི་འདུག་ཟེར། ང་ཚོའི་འཆར་གཞི་བྱས་ན་པོ་ཏཱ་ལ་ནས་རྒྱ་མིའི་རྒྱལ་དར་ཕབ་སར་འགྲོ་རྒྱུ་བྱས་པ་ཡིན། སྨན་རྩིས་ཁང་གི་སྒོ་འགྲམ་དུ་སླེབས་སྐབས་དུ་བ་བཏང་ནས་རོགས་པ་ཚང་མ་ཁ་བྲལ་སོང༌། བུ་མོ་གཅིག་གི་རྐུབ་ཤ་རྡོག་རྡོག་སྒང་ལ་མེ་མདའ་ཕོག་འདུག མོས་མཐོང་སར་སྤོ་སྤོ་ཞིག་བསད་སོང་ཟེར། མོ་འབྲོ་ཐུབ་ཙམ་བྱུང་འདུག ངེད་གཉིས་ཀྱིས་བུ་མོ་དེ་ཁྲིད་ནས་ང་ཚོའི་སྒོ་རའི་ནང་གི་བོད་རིགས་སྨན་པ་ཞིག་ཡོད་པ་དེར་ཞུ་བ་འཐེན་ནས་ང་ཚོས་ཁྱེད་རང་བཙོང་མི་ཡོང༌། བོད་སྤྱི་པའི་དོན་དུ་འདི་འདྲ་ཆགས་པ་རེད། སྙིང་རྗེ་སྒོམ་ནས་སྐྱོབ་རོགས་ལབ་པ་ཡིན། དེ་ནས་སྨན་པ་དེས་སྨན་བཅོས་བྱས་ནས་མདེའུ་གཅིག་བཏོན་སོང༌། ཐོག་མར་ཚེམ་བུ་བརྒྱབ་ཡོད་མ་རེད་དེ། རྨ་ཁ་ཕྱེ་ཡོང་ནས་ཡང་བསྐྱར་གོས་ཚེམ་བྱེད་ཀྱི་སྐུད་པས་ཚེམས་པ་རེད། བུ་མོ་དེ་ཕ་ཡུལ་ལྷོ་ཁ་ནས་རེད་འདུག ཉིན་ཤས་རིང་མི་ཕར་ཚུར་གཅིག་ཀྱང་གཏོང་གི་མི་འདུག ཉི་མ་བཞིར་ང་ཚོའི་ནང་ལ་ཉར་ནས་མི་ཚང་མས་ཉེན་རྟོག་པ་ལྟ་བར་ཡོང་དུས་མི་སུའི་ནང་དུ་རྨས་མ་ཉར་ཡོད་ན་ནང་མི་ཚང་མ་བཙོན་འཇུག་བྱེད་ཀྱི་ཡིན་ཟེར་བ་གོ་ནས་བུ་མོ་དེའི་གྱོན་གོས་ཆ་ཚང་བརྗེས་ནས་བཏང་བ་ཡིན། མོ་ཕྱིན་ཚར་བའི་དགོང་མོ་དེར་ཉེན་རྟོག་པ་སྔོག་བཤེར་བྱེད་པར་སླེབས་སོང༌། ཚེས་༡༥ ཉིན་ཞོགས་པ་སྐད་འབོད་བྱེད་སྐབས་ཚོང་ཁང་ལ་མེ་བརྒྱབ་པ་རེད། ང་ཚོ་འགྲོ་སའི་ཕྱོགས་ནས་མི་དགུ་ཙམ་ལས་མི་འདུག ས་ཁུལ་གཞན་པ་ནས་མི་མང་པོ་ཡོད་ས་རེད། དམག་མིས་བོད་མི་མཐོང་ཚད་ལ་མེ་མདའ་རྒྱག་གི་འདུག ང་ཚོ་རྭ་མོ་ཆེ་ནས་ཐོག་མ་སྐད་འབོད་བྱེད་མཁན་རོགས་པ་གཉིས་འཛིན་བཟུང་བྱས་པ་རེད། ཉེན་རྟོག་པས་ངོ་ཤེས་ཡོང་བསམ་ནས་རོགས་པ་ཚོར་ལྟ་བར་འགྲོ་ཕོད་མ་སོང༌། གལ་ཏེ་ཉེན་རྟོག་པས་ང་གཉིས་ཡིན་པ་ངོ་ཤེས་ན་རང་ཤི་རྒྱག་དགོས་བསམ་སོང་ཞེས་འགྲེལ་བརྗོད་གནང་སོང༌།།
བལ་ཡུལ་གསར་འགོད་པས།