མོམ་བྷེ་ཡི་སྐར་ལྔའི་མགྲོན་ཁང་གཉིས་བསྐྱར་གསོ་བྱུང་བ།
ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེའི་དོན་རྐྱེན་སྐབས་གཏོར་སྐྱོན་ཕོག་པའི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཏཱ་ཇི་དང༌། ཊ་རི་ཌེན་གཉིས་བསྐྱར་གསོ་ལེགས་འགྲུབ་ཀྱི་སྒོ་འབྱེད་བྱས་ཡོད་པ་རེད། མགྲོན་ཁང་འདི་གཉིས་ཀྱི་ལོ་རབས་དུ་མའི་རིང་ལ་མཁོ་སྒྲུབ་བྱས་པའི་འགྲེམས་སྟོན་གྱི་ཅ་དངོས་རིགས་བརྒྱ་ཆ་༩༠ ཙམ་ལ་གནོད་སྐྱོན་བྱུང་མི་འདུག་ཅེས་མགྲོན་ཁང་གི་འགན་འཛིན་གཞོན་པ་ཀ་རི་ཤ་ན་ཀུ་མར་གྱིས་གསར་ལམ་ཁག་ལ་གསལ་བཤད་བྱས་ཡོད་པ་རེད། མགྲོན་ཁང་ནང་དུ་འཇིགས་སྐུལ་རིང་ལུགས་པས་བཀྲོངས་པའི་འདས་པོ་རྣམས་དང༌། འཇིགས་སྐུལ་པར་རྒོལ་ལན་སྤྲོད་མཁན་གྱི་དཔའ་བོ་དག་ལ་རྗེས་དྲན་ཆེད་མིང་བྱང་བརྐོས་བརྒྱབ་ནས་བཞག་ཡོད་པ་རེད། ཊ་རི་ཌེན་མགྲོན་ཁང་ལ་མཚོན་ན་བསྐྱར་གསོའི་ཆེད་ཧིན་སྒོར་འབུམ་བཞི་བཅུ་ནས་ལྔ་བཅུ་བར་ཕྱིན་ཡོད་འདུག་ལ། རྒྱ་གར་གཞུང་དང་གཞུང་འབྲེལ་མིན་པའི་སྒེར་དང་ཚོགས་པ་སོགས་ཡོང་ཁུངས་སྣ་ཚོགས་ནས་ཞལ་འདེབས་གནང་ཡོད་འདུག མགྲོན་ཁང་དེ་སྒོ་འབྱེད་བྱེད་སྐབས་སུ་ཆོས་ལུགས་མི་འདྲ་བ་ཆེ་ཁག་བརྒྱད་ཀྱི་སྐུ་ཚབ་གདན་དྲངས་ནས་ཆོས་དཔོན་རྣམས་ཀྱིས་ཚེ་འདས་རྣམས་ཀྱི་ཆེད་བསྔོ་སྨོན་དང༌། རྨས་སྐྱོན་ཤོར་བ་རྣམས་མྱུར་དུ་དྲག་སྐྱེད། ལྷག་པར་འབྱུང་འགྱུར་འཛམ་གླིང་ནང་ཞི་བདེ་ཡོང་བའི་སྨོན་ལམ་རྒྱ་ཆེར་གནང་ཡོད་པ་རེད། ད་ལྟ་ཡེ་ཤུའི་འཁྲུངས་སྐར་དང་ལོ་གསར་གྱི་དུས་ཆེན་སྐབས་ལ་ཁེལ་ཡོད་པས། ཏཱ་ཇི་མགྲོན་ཁང་ལ་མཚོན་ན་ཁང་པ་༢༦༨ ནས་༡༥༠ དང༌། ཊ་རི་ཌེན་མགྲོན་ཁང་གི་ཁང་མིག་གྲངས་༥༥༠ ལས་བརྒྱ་ལྷག་ཙམ་རྒྱལ་ཕྱི་ནང་གི་མགྲོན་པོ་རྣམས་ཀྱིས་སྔ་ས་ནས་དེབ་འགོད་བྱས་ཡོད་པ་དང༌། བརྒྱ་ཆ་༦༠ ཙམ་ནི་རྒྱ་གར་བ་ཡིན་པ་རེད། མགྲོན་ཁང་གི་གླ་ཆ་མཐོ་ཤོས་༡༠༠༠༠ ཐམ་པ་ཡིན་འདུག རྒྱལ་སྤྱིའི་དུས་ཆེན་གྲགས་ཅན་གཉིས་འདིའི་སྐབས་སུ་བསྐྱར་གསོ་གྲུབ་པའི་མགྲོན་ཁང་འདི་གཉིས་ཀྱིས་ཟས་རིགས་ཀྱི་རྣམ་གྲངས་དམིགས་བསལ་ཅན་གྱི་གསོལ་སྟོན་བཤམས་བསྒྲིགས་ཐོག་མགྲོན་འགུགས་ཀྱི་ཁྱབ་བསྒྲགས་དང༌། ཕེབས་བསུ་རྒྱ་ཆེན་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག།
