ས་སྟེང་གི་བོང་བུ་དང་ནམ་མཁའི་འབྲུག་གི་ཤ་ལས་ཞིམ་པ་མེད།

        ཉེ་ཆར་ཁམས་སྐྱེ་རྒུ་ཁུལ་ནས་ཕེབས་པའི་རྒན་པོ་ཞིག་གི་གསུང་དོན། ཁམས་སྐྱེ་རྒུ་ཁུལ་དུ་བོད་ཀྱི་རྩ་ཆེན་སེམས་ཅན་གླ་བ་སོགས་མང་པོ་ཞིག་རྒྱ་མིས་སྨན་དང་ཁ་ཟས་ཀྱི་ཆེད་དུ་བསད་དེ་སྟོངས་ལ་ཉེ་བ་ཙམ་དུ་མ་ཟད། སྲང་ལམ་སྟེང་གི་ཁྱི་ལྡོམ་ཡིན་རུང་ཁྱི་རེར་རྒྱ་སྒོར་བརྒྱ་དང་ཉིས་བརྒྱ་བར་སྤྲད་ནས་རྒྱ་མིའི་ཟ་ཁང་བདག་པོ་ཚོས་ཉོས་ཏེ། ཟི་ལིང་གྲོང་ཁྱེར་དུ་ཆེད་དུ་བོང་ཤ་དང་ཁྱི་ཤའི་ཟ་ཁང་བཙུགས། རྒྱ་མིའི་ཁ་རྒྱུན་ལ་ས་སྟེང་གི་བོང་བུ་དང་ནམ་མཁའི་འབྲུག་གི་ཤ་ལས་ཞིམ་པ་ཞིག་མེད་ཟེར་སྲོལ་ཡོད་པས། སྦྲུལ་འབྲུག་གི་རིགས་རྒྱུད་དུ་བརྩིས་ནས་ཟ་སྲོལ་ཡོད་པ་རེད། དེ་བཞིན་རྟ་རྒན་དང་མཛོ་རྒན་ཉོས་ཏེ་གྲོང་ཁྱེར་གྱི་ཟ་ཁང་ན་བཙོང་གི་ཡོད་པ་རེད། ན་ནིང་སྐྱེ་རྒུ་ཁུལ་གྱི་ར་ཤུར་ནོར་ཞེས་པའི་ས་གནས་ཀྱི་འབྲོག་པ་ཁྱིམ་ཚང་ཉིས་བརྒྱ་ལྷག་སྐྱེ་རྒུ་ཡུལ་ཤུལ་གྲོང་ཁྱེར་གྱི་ཉེ་འདབས་སུ་དུང་འདུ་གླང་ཆེན་ཟེར་བའི་གནས་ཞིག་ཡོད་པ་དེའི་འགྲམ་དུ་རྒྱ་གཞུང་གིས་ཁང་ཐོག་གཅིག་ཅན་གྱི་ཁང་པ་རེ་སྤྲད་དེ་བཞག་ཡོད་པ་དང༌། ར་ཤུར་ནོར་ཞེས་པའི་ས་ཁུལ་དུ་གཏེར་ཁ་ཆེན་པོ་ཞིག་ཐོན་ཡོད་པ་རེད་ཟེར། འབྲོག་པ་དེ་དག་གིས་སེམས་ཅན་ནོར་ལུག་ཚང་མ་བཤས་ཁང་དང་རྒྱ་མིར་སྡེབས་ཚོང་བྱས་ནས་འཚོ་རྟེན་མེད་པར་གྱུར་སྟབས། གྲོང་ཁྱེར་དུ་འཕྲོག་བཅོམ་བྱེད་པ་སོགས་ལས་མ་རབས་བྱེད་མཁན་མང་དུ་སོང་ནས་དུང་འདུ་གླང་ཆེན་སྐོར་བ་བྱེད་མཁན་ཚོ་ས་གནས་དེར་འཇིགས་སྣང་བྱེད་ས་ཞིག་ཆགས་ཡོད་འདུག ད་ལོ་སླར་ཡང་ཁང་པ་བརྒྱ་ལྷག་གསར་རྒྱག་བྱས་ཏེ་སྐྱེ་རྒུ་ཁུལ་དཔལ་ཐང་ཟེར་བའི་འབྲོག་ཁུལ་དུ་གནམ་ཐང་གསར་པ་ཞིག་བཟོས་ཡོད་པའི་ཁུལ་དེའི་འབྲོག་པ་ཚོ་གནས་སྤོས་བྱེད་བཅུག་རྒྱུའི་འཆར་གཞི་ཡོད་པ་རེད་ཟེར། གཞན་ས་ཞིང་མང་པོ་ཞིག་གི་ནང་དུ་རྩྭ་དང་ལྕང་མ། ཚེར་མ་སོགས་འདེབས་བཅུག་སྟེ་ས་ཞིང་ཕལ་མོ་ཆེ་ས་རྒོད་དུ་གྱུར་ཡོད་པ་དང༌། གྲོང་ཁྱེར་གྱི་སྲང་ལམ་གང་ནས་ཀྱང་ས་འོག་ཏུ་ཆུ་ལམ་བཟོས་མེད་པར་གྲོང་ཁྱེར་གྱི་བཙོག་ཆུ་དང་གསང་སྤྱོད་ཀྱི་ཆུ་ཚང་མ་གཙང་པོར་ཐད་ཀར་བཏང་ཡོད་པ་དེས་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེན་ཕོག་ཡོད་ཀྱང་དོ་སྣང་བྱེད་མཁན་མི་འདུག་ཅེས་འགྲེལ་བརྗོད་གནང་སོང༌། བལ་ཡུལ་གསར་འགོད་པས།