བོད་ཀྱི་བརྡ་སྤྲོད་སྦྱང་ཐབས།

ཐོག་མའི་སྤྱི་བཤད།
བོད་ ཀྱི་བརྡ་སྤྲོད་གཞུང་ལུགས་སྦྱང་ཐབས་སྐོར་ཞིབ་ཏུ་བལྟས་ན་བསྒྱུར་བཅོས་ཀྱིས་ ཉུང་བསྡུས་སྟབས་བདེ་ཞིག་བཟོ་དགོས་ངེས་སུ་མཐོང་ལ། བརྡ་སྤྲོད་གཞུང་ལུགས་རྙིགས་དོར་བཅུད་ལེན་གྱི་དྭངས་རྙིགས་ཤིག་འབྱེད་ན་བོད་ རིགས་མི་མང་ལ་བོད་ཀྱི་སྐད་ཡིག་འབྲི་ཀློག་བཤད་གསུམ་གྱི་ཤེས་ཚད་བདེ་བླག་གི་ ངང་ནས་ཡར་རྒྱས་འགྲོ་ཐུབ་པ་དང༌། ཁྱབ་རྒྱ་ཡང་སྔར་ལས་ཆེས་ཡངས་ཤིང་ཕུན་སུམ་ཚོགས་པའི་བཅོས་སྒྱུར་གྱི་ཐབས་ལམ་ གསར་པའི་ཚོར་སྣང་ཞིག་ཡུན་རིང་ནས་ལྡན་པས་རགས་ཙམ་གླེང་འདོད་སྐྱེས།
དང་པོ། ད་ཆའི་བོད་ཀྱི་སྐད་ཡིག་གི་སྒྲོམ་གཞི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་སུམ་ རྟགས་གཉིས་ཀྱི་སྡོམ་ཚིག་གི་དྲ་རྒྱ་ལས་མ་འགོང་བར་རྒྱུད་འཛིན་ཐུབ་པ་ནི་མཆོད་ འོས་བསྟོད་འོས་སུ་གྱུར་ཀྱང༌། སུམ་རྟགས་ཀྱི་གཞུང་ལ་ཞིབ་ལྟ་རེ་བྱས་ཚེ་ཚིག་ཕྲད་སྟོན་པའི་རྩ་ཚིག་སོགས་གོ་ དཀའ་ལ་དགོས་མེད་ཀྱི་ཚིག་ལོ་སྤྲོས་པ་མང་ཞིང༌། སྒོས་སུ་རྟགས་འཇུག་ནང་རྗེས་འཇུག་འཆད་སྐབས། ཕོ་ལ་སྐྱེས་བུ་རབས་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །ཅེས་སོགས་རྩ་ཚིག་མང་པོ་ཞིག་ཇི་ཙམ་དཔྱད་ཀྱང་བོད་ཀྱི་སྐད་བརྡ་ལ་ཕན་མེད་ཚིག་ རོ་འབའ་ཞིག་ཏུ་གྱུར་འདུག
གཉིས་པ། སྔོན་བྱོན་བརྡ་སྤྲོད་མཁན་པོ་ཕལ་མོ་ཆེ་ནང་ཆོས་ལ་མཁྱེན་རྒྱ་ཡངས་པའི་སེར་མོ་བ་ ཤ་སྟག་ཡིན་པས། བརྡ་སྤྲོད་རིག་པའི་སྐབས་ལའང་ནང་ཆོས་དང་སྦྲེལ་ཏེ་དབྱངས་གསལ་གྱི་གོ་དོན་སོགས་ དཔེར་བརྗོད་དག་ཀྱང་གཞི་རིམ་མི་མང་གིས་ཤེས་རྟོགས་དཀའ་བའི་ཚད་གཞི་མཐོ་བའི་ ཆོས་ཚིག་ཞེ་གཅིག་ཏུ་བེད་སྤྱོད་བཏང་ཡོད། དེས་ན། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ནི་བོད་ཀྱི་སྐད་ཡིག་གི་སྒྲིག་གཞིའམ་ ལམ་ལུགས་རྩ་འཛིན་གྱི་རྒྱ་ལས་མ་འདས་ན་འགྲིག་པ་ལས། ཆོས་ལུགས་དང༌། ཆོ་ག ཚེ་ཕྱི་མའི་ལམ་སྟོན་གྱི་རྣམ་གཞག་དང༌། ལྷག་པར་དུ་བརྡ་སྤྲོད་རིག་པའི་གཞུང་ལུགས་སུ་གཞི་བདེན་པ་གཉིས་དང༌། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་སོགས་ཀྱི་གོ་འཕང་བརྙེས་ཐུབ་པའི་འགྲེལ་བཤད་བསམ་གྱིས་མི་ ཁྱབ་པ་དང་བརྗོད་ཀྱིས་མི་ལང་པ་དེ་འདྲ་མི་དགོས་ཤིང༌། སྤྱིར་བརྡ་སྤྲོད་སྦྱངས་པའི་བརྒྱུད་འབྲས་འབྱུང་ངེས་ཀྱང༌། རྒྱལ་ཁབ་གང་གིའང་བརྡ་སྤྲོད་སྦྱོང་དོན་ནི། སྐད་ཡིག་དེ་ལ་རྒྱུས་མངའི་ཕྱིར་དུ་ཡིན་ན་བརྒྱུད་འབྲས་སོགས་ཡོད་ཚད་འབྱུང་རབས་ ཀྱི་ཤོད་སྲོལ་དང་དགོས་དོན་གཉིས་ཀ་མེད་གཤིས། ངོ་ཐོག་གི་སྦྱངས་འབྲས་ཐོན་རེ་བྱས་ན་བཟང་སྟེ། ལོ་ཡག་ན་སོག་མ་ཞོར་དུ་འབྱུང་བ་བཞིན། རྒྱུད་འབྲས་སོགས་ཤུགས་ཀྱིས་འབྱུང་ལ། ཆོས་ཕྱོགས་ཀྱི་བཤད་ཡམས་ཐལ་ཆའི་ཕྱོགས་སུ་གྱུར་ན་བརྡ་སྤྲོད་ཀྱི་གཞུང་ལུགས་ནི་ སྐད་ཡིག་གི་སྒྲིག་སྲོལ་ཞིག་ལ་མ་གོ་ནས། ཐར་པ་དོན་གཉེར་བ་ཞིག་གིས་སྦྱང་རྒྱུ་ཙམ་དུ་བསམ་མི་སྲིད་པ་མིན་ཏེ། འདས་དོན་ལ་བརྡ་སྤྲོད་རིག་པའི་གཞུང་ལུགས་འདི་དག་ཆོས་པ་རྐྱང་པས་སྦྱངས་ཐལ་ལ་ བལྟས་ན་ཕལ་ཆེར་དེ་བཞིན་གོ་བ་བླངས་མ་སྲིད་པ་སུས་བཤད་ཐུབ།
འདས་དོན་ལ་བོད་ རིགས་ཕྱེད་ཙམ་གྱིས་བོད་ཡིག་ཀློག་ཤེས་ཙམ་དང༌། དེ་ལས་ཉུང་བ་ཞིག་གིས་འབྲི་ཤེས་ཙམ། དེ་ལས་ཀྱང་ཆེས་ཉུང་བ་ཞིག་གིས་འཆད་རྩོད་རྩོམ་གསུམ་ཕུལ་དུ་ཕྱིན་ཙམ་བྱུང་ཡོད་ རུང༌། བུད་མེད་གཙོས་པའི་བོད་མི་རྒྱ་ཆ་ཕྱེད་ཡས་མས་ཙམ་ཡིག་རྨོངས་སུ་ལྷག་སོང་བ་རེད། དེ་ནི་སྤྱི་ཚོགས་ནང་དགོས་མེད་ཕོ་མོ་མཆོག་དམན་སོགས་ཀྱི་གནོན་ཤུགས་བཀག་རྒྱའི་ དབང་དུ་སོང་བར་ངེས་ཏེ། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། བོད་པས་བུ་མོ་ལ་ཡི་གེ་བསླབ་སྲོལ་མེད་པ་དང༌། བུ་མོས་ཡི་གེ་སྦྱང་ན་ཕན་པ་མེད་པའི་ལྟ་བ། ཆོས་དཔེ་བུ་མོས་ཐུག་མི་རུང་བའི་བསླབ་བྱ་ངན་པ་སོགས་ཡོད་ཚུལ་གསུངས་འདུག
གསུམ་ པ། དུས་རབས་ཉེར་གཅིག་པ་འདི་ནས་བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་སྐད་ཡིག་བརྟན་ ལྷིང་རྒྱ་ཁྱབ་ཀྱི་ཕྱིར་དུ་བརྡ་སྤྲོད་རིག་པའི་གཞུང་ལུགས་རིམ་ཅན་ཞིག་སྦྱངས་ ཏེ་བོད་ཡིག་འབྲི་ཀློག་གང་མཚམས་རང་རྐྱ་འཕེར་བ་ཞིག་མི་རེ་ངོ་རེ་ནས་བྱ་གལ་ཆེ་ སོང༌། ཚུལ་དེ་ལྟར་མ་བྱས་ན་ཤེས་རིག་སོགས་འཛམ་གླིང་ཡར་ཐོན་གྱི་གྲལ་དུ་འགྲོ་རེ་མེད་ པ་མིག་མཐོང་ལག་ཟིན་དུ་གྱུར་པ་རེད།
དཻ་ཡང༌། བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ནི་གཞན་དུ་འཆད་འགྱུར་ལྟར་ཧ་ཅང་གིས་སྦྱང་ སླ་བ་ཞིག་སྟེ། ནང་ཆོས་བཞིན་ཁྲིད་རྒྱུན་ཡོད་དགོས་པར་མི་སེམས་ལ། སྐད་བརྡ་ལ་ཕན་པའི་རབས་འདེགས་གང་ཡང་མེད་རིགས་མ་སྦྱང་ནའང་འགྲིག མདོར་ན། བརྡ་སྤྲོད་རིག་པ་ནི་སྐད་བརྡ་ཕུན་སུམ་ཚོགས་པའི་འཁོར་རྒྱུག་གི་བྱང་ཤ་ཆོད་པའི་ ཕྱིར་དུ་སྦྱང་པས་དངོས་སུ་དམིགས་རྒྱང་ཡང་དེ་ལས་འགོང་མི་དགོས་པར་སེམས་སོ།

བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་སྦྱོང་ཐབས་དངོས་བཤད་པ།
སྐབས་ འདིར་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་སྦྱོང་ཐབས་བཤད་པ་ལ་གཉིས། བོད་མི་ཚང་མས་བོད་ཀྱི་བརྡ་སྤྲོད་ཇི་ལྟར་སྦྱང་ཐབས་བཤད་པ་དང༌།  བརྡ་སྤྲོད་ཉམས་ཞིབ་པས་ཞིབ་འཇུག་ཇི་ལྟར་བྱེད་དགོས་པའི་ཐབས་ཤེས་བཤད་གཉིས་སོ། །དང་པོ་དབྱེ་ན། དག་ཡིག་སྦྱང་དགོས་པ་དང༌། ཕྲད་རྣམ་དབྱེའི་སྐོར་སྦྱང་དགོས་པ། བྱ་བའི་ཚིག་གི་སྐོར་སྦྱང་དགོས་པ་དང་གསུམ་མོ།

གཅིག
བོད་ཀྱི་བརྡ་ སྤྲོད་རིག་པའི་གཞུང་ལུགས་ཀྱི་ཐོག་མའི་རྨང་གཞི་ནི་དག་ཡིག་གི་སྦྱང་པ་ལ་རགས་ ལས་པར་བསམ་ལ། དེ་བས། དག་ཡིག་ཇི་ལྟར་སྦྱང་དགོས་སམ་ཞེ་ན་དེ་ལ་དབྱེ་ན་དག་ཡིག་སྦྱོང་བ་པོ་ངོས་བཟུང་ བ་དང༌། སྦྱང་བྱའི་དག་ཡིག་གི་སྐོར་བཤད་པ་གཉིས་སོ། །དང་པོ། དག་ཡིག་སྦྱོང་བ་པོ་ནི་སློབ་ཆུང་འཛིན་གྲྭ་གཉིས་པ་ནས་བཞི་པའི་བར་གྱི་ཕྲུ་གུ་ རྣམས་འོས་འཚམ་ལ་གནས་ཤིང༌། ཕྲུ་གུ་རྣམས་ཡི་གེ་ཀློག་བཟང་པོར་སྦྱོང་དུ་བཅུག་གིན་སློབ་ཚན་ལ་བཞག་པའི་དག་ ཡིག་བློ་འཛིན་དང༌། དག་ཡིག་གི་དཔེར་བརྗོད་འབྲི་བ་ལ་བྱང་ཤ་སྤྲོད་དགོས། གཉིས་པ། དག་ཡིག་ནི་འཚོ་བའི་ཁ་ཕྱོགས་དང་རྒྱང་ཐག་རིང་བའི་བརྡ་རྙིང་གི་རིགས་དང༌། ལྷག་པར་དུ་ཚེ་འདི་ཕྱི་གང་ལའང་མི་ཕན་པའི་གཉིས་མེད་སེངྒེའི་རྟུལ་ཞུགས་ཅན་གཞན་ སྐད་ཀྱིས་ཁྱད་ཞུགས་པའི་དག་ཡིག་ངག་སྒྲོན་ལྟ་བུ་སོགས་རེ་ཞིག་རིང་དུ་བཞག་ཏེ། འཛིན་རིམ་གཉིས་པ་ནས་བཞི་པའི་བར་གྱི་ཕྲུ་གུར་དཔག་པའི་ཉེ་མཁོའི་མིང་ཚིག་ཀ་ནས་ ཨ་བར་ཀ་མད་རིམ་ཅན་གྱི་དག་ཡིག་རྒྱས་བསྡུས་འཚམ་པ་ཞིག་གསར་བསྒྲིགས་བྱ་རྒྱུའོ།

གཉིས།
ཕྲད་རྣམ་དབྱེའི་སྐོར་ནི་འཛིན་རིམ་ལྔ་པ་ནས་བདུན་པ་བར་གྱི་ སློབ་མས་སྦྱང་དགོས་པར་བསམ་ཞིང༌། སྦྱང་བྱའི་སློབ་ཚན་ནི་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སུམ་བཅུ་པའི་ འགྲེལ་པ་ལེགས་བཤད་ལྗོན་པའི་དབང་པོ་ལས་འཚམ་པ་མ་མཐོང་གཤིས། དེའི་ནང་དུ། ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ཞེས་གསུངས་པ་ཇི་བཞིན་ཡི་གེ་འབྲི་བ་ལ་མན་ངག་དམ་པ་ཡིན་པས་མ་འོངས་བོད་མི་ཡོད་ དོ་ཅོག་གི་བློ་འདོན་ཡོད་དགོས་པ་གལ་ཆེའོ། དེ་ཡང༌། དགའ་ཤར་བོད་དགེ་རྒན་བྱམས་པ་ཆོས་གྲགས་ཀྱིས། བོད་ཡིག་འབྲི་འདོད་ན་ལེགས་བཤད་ལྗོན་དབང་བློ་འཛིན་བྱ་དགོས། ལེགས་བཤད་ལྗོན་དབང་བློ་འདོན་བྱེད་རྒྱུ་མེད་ན། བོད་ཡིག་སྦྱང་འདོད་ཡོད་ཚུལ་ཇི་ཙམ་བཤད་ཀྱང་དོན་ལ་བོད་ཡིག་སྦྱང་འདོད་མེད་པ་ རེད་ཅེས་གསུངས།

གསུམ།
བྱ་ཚིག་ནི་འཛིན་རིམ་བརྒྱད་པ་ནས་བཅུ་པའི་བར་ གྱི་སློབ་མས་སྦྱང་འོས་ཤིང༌། སྦྱང་བྱ་རྟགས་འཇུག་གི་རྩ་བར། ཕོ་ཡི་ཡི་གེ་འབའ་ཞིག་ལ་ཞེས་པ་ནས། སྔོན་མཇུག་གི་ཅིའི་ཕྱིར་མཇུག་པའི་བར་ཏེ། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ་ཞེས་པའི་བར་ཤོ་ལོ་ཀ་བཅུ་གཅིག་ལྷག་ཙམ་བློ་འཛིན་བྱ་ དགོས་ལ། དེ་དག་ལས་སྦྱང་དགོས་པ་དང་ཤེས་དགོས་པའི་སྙིང་དོན་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པ་འདི་ལས་གཞན་མེད་ཅིང༌། ཤོ་ལོ་ཀ་གཅིག་པུ་འདིའི་ཐོག་ནས་བདག་གཞན་གཉིས་དང༌། དུས་གསུམ། བྱ་བྱེད་ལས་གསུམ་བཅས་དབྱེ་བ་མི་འདྲ་བ་བརྒྱད་པོ་འདི་དག་ངོ་སྤྲོད་གསལ་པོའི་ ཐོག བྱ་ཚིག་གི་འགྲོ་སྟངས་མཐར་ཕྱིན་པ་བསླབ་སྦྱོང་བྱེད་དགོས་པ་ཡིན་ནོ། །བརྡ་སྤྲོད་ཉམས་ཞིབ་པས་ཞིབ་འཇུག་ཇི་ལྟར་བྱེད་དགོས་པའི་ཐབས་ཤེས་ཀྱི་སྐོར་ འདིར་མ་བཤད་དོ།

མཇུག་གཏམ།
རང་ཉིད་རྒྱུན་དུ་ཤེས་བྱ་སྣ་ཚོགས་པའི་ མིང་ཚིག་ཕྱུག་པོ་ཡོང་ཆེད་དག་ཡིག་འབྲི་སྦྱོང་ལ་གོམས་པ་ཆེན་པོར་འབད་དགོས་དང༌། ཕྲད་དང་རྣམ་དབྱེ་སྦྱོར་སྟངས་ལ་བྱང་ཆེད་ལེགས་བཤད་ལྗོན་དབང་གི་དཔེར་བརྗོད་མང་ ཙམ་འབྲི་གལ་ཆེ་ཞིང༌། རྒྱུན་དུ་ཡི་གེ་འབྲི་དུས་ལེགས་བཤད་ལྗོན་དབང་གི་རྩ་ཚིག་སེམས་ལ་ཡང་ཡང་དྲན་ཏེ་ ངེས་ཤེས་རྙེད་ན་བོད་ཡིག་གི་ཡར་རྒྱས་བྱ་ནམ་མཁར་འཕུར་བ་བཞིན་དུ་འགྲོ་ངེས་རེད། བྱ་ཚིག་ནི་དུས་གསུམ་དང་འབྲེལ་བ་ཆེ་སྟབས། བྱ་ཚིག་འབྲི་སྟངས་མི་འཁྲུལ་བའི་ཕྱིར་དུ་རང་གི་ཉིན་ཐོ་སོགས་མང་ཙམ་འབྲི་བའི་ གོམས་གཤིས་ལ་འབད་དགོས་སོ།
གོང་བརྗོད་དག་ཡིག་དང༌། ཕྲད་རྣམ་དབྱེ། བྱ་ཚིག་བཅས་ཀྱི་སྦྱང་གཞིའི་རྩོམ་ཡིག་གཞན་དུ་འབྲི་རྒྱུ་ལགས་ན། འདིར་དེ་ཙམ་གྱིས་ཆོག་པར་བྱས་སོ།

སྨྲས་པ།
ཀ་སོགས་དབྱངས་གསལ་སྦྲེལ་བའི་རིག་པའི་འཕྲུལ།
ཁ་དང་ལག་ལ་བྱང་ན་ཤེས་བྱའི་གནས།
ག་དུས་ཡིན་ཡང་རྨོངས་པར་མི་འགྱུར་བས།
ང་རོ་དབྱངས་གསལ་སྡེབ་སྦྱོར་རྒྱུན་དུ་འབད།

ཅ་ལག་མིང་བརྡ་མི་འཁྲུག་དག་ཡིག་དང༌།
ཆ་ཚང་དབྱེ་སྦྱོར་ནུས་པའི་ཚིག་གི་ཕྲད།
ཇ་ཐུན་དུས་ཚིགས་མི་འཁྲུལ་བྱ་ཚིག་གསུམ།
ཉ་ཉོབ་སྤངས་ཏེ་སྦྱང་ན་ཅིས་མི་མཁས། །༢༠༠༨། ༡༢། ༢༣