རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
དགུང་ལོ་གསུམ་པར་སྐྱོར་ལུང་དགོན་གྱི་གནས་བརྟན་ཟླ་བཟང་སོགས་ཀྱིས་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་སྐྱེ་སྲིད་ངོས་འཛིན་ཞུས། དགུང་ལོ་བཞི་ནས་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། ༡༥༤༦ལོར་གདན་ས་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་མངའ་གསོལ། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་མནོས་ཏེ། མཚན་ལ་བསོད་ནམས་རྒྱ་མཚོ་བསྟན་པའི་ཉི་མ་གསོལ། དགུང་ལོ་བདུན་པར་རྗེ་འདིའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ཆུང་དུས་ནས་ལྷ་དང་བླ་མ་དུ་མས་ཞལ་གཟིགས། ལྷ་སྔགས་ཏིང་འཛིན་ལ་གཞོལ་བའི་ཡ་མཚན་གྱི་མཛད་པ་དུ་མ་བསྟན། དགུང་ལོ་བཅུ་པ་ཆུ་བྱི་༡༥༥༢ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས། དགུང་ལོ་བཅུ་གསུམ་པར་ཆོས་འཁོར་རྒྱལ་དུ་ཕེབས་ནས་འགྲོ་དོན་མཛད། དགུང་ལོ་ཉི་ཤུ་པར་པཎ་ཆེན་བསོད་ནམས་གྲགས་པ་ཞི་བར་གཤེགས་ཟིན་སྟབས། དགའ་ལྡན་ཁྲི་ཟུར་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་གི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། པཎ་ཆེན་བསོད་ནམས་གྲགས་པ་དང༌། སྔགས་རམ་པ་དགེ་འདུན་བཀྲ་ཤིས་སོགས་ལས་མདོ་སྔགས་ཀྱི་གཞུང་ཆེན་ཁག་དང༌། དཔལ་ལྡན་ས་སྐྱའི་བསྟན་འཛིན་ཚར་ཆེན་བློ་གསལ་རྒྱ་མཚོ་དང༌། བདེ་བ་ཅན་པ་སོགས་སྔ་ཕྱིར་རིས་མེད་མཁས་གྲུབ་དུ་མའི་ཞལ་ནས་དབང་ལུང་མན་ངག་མཐའ་ཡས་པ་གསན། དགུང་ལོ་ཉེར་གསུམ་ནས་ལོ་ཤས་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་མགོན་གནང༌། དགུང་ལོ་ཉེར་ལྔ་པར་གཙང་དུ་ཞབས་སོར་འཁོད་དེ་བཀྲིས་ལྷུན་པོའི་སྨོན་ལམ་ཚོགས་མགོན་གནང༌། དགུང་ལོ་ཉེར་དྲུག་པར་སླར་ཡང་དབུས་ཕྱོགས་འབྲས་སྤུངས་སུ་ཕེབས་ཏེ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་གནང༌། སེ་འབྲས་གཉིས་དང༌། ཆོས་འཁོར་རྒྱལ་སོགས་ཀྱི་གདན་ས་ཀུན་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་སྐུ་དུས་ལྟར་བསྐྱངས། དགུང་ལོ་ཉེར་བརྒྱད་པར་ཆོས་འཁོར་རྒྱལ་གྱི་གདན་སར་བསྟན་སྲུང་ཕྱི་ནང་གསང་གསུམ་གྱི་རྟེན་རྣམས་གསར་དུ་བཞེངས། མདོ་དབུས་ཀྱི་འགྲོ་བ་ཀུན་ལ་དམ་པའི་ཆོས་ཀྱི་ཆར་ཆེན་ཕབ། འཕྲིན་ལས་ཤིན་ཏུ་རྒྱས་པའི་མཚན་སྙན་རྒྱ་སོག་གི་ཡུལ་གྲུ་རྣམས་སུའང་ཁྱབ་པ་ལ་བརྟེན་ནས། དགུང་གྲངས་སོ་ལྔ་པར་སོག་པོ་ཨལ་ཐན་རྒྱལ་པོས་གདན་དྲངས་པས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་ཐུབ་བསྟན་སྤྱི་དང་ཡང་སྒོས་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་བཟང་པོ་ཉིན་མོ་ལྟར་གསལ་བར་མཛད་ཅིང༌། མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་ཆེན་པོ་ཧོར་གྱི་ཡུལ་དུ་དར་བ་ཡང་ཐོག་མ་འདི་ནས་མགོ་ཚུགས་པ་ཡིན་ནོ། །
དགུང་ལོ་སོ་དྲུག་པར་ཨལ་ཐན་རྒྱལ་པོས་གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ཀ་ཁ་རིས་ལ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་ཞེས་པའི་མཚན་བསྟོད་བཀོད་ཏེ་ཕུལ་བ་ནས་ད་ལྟའི་བར་འཛམ་གླིང་ཁྱོན་ཡོངས་སུ་ཏཱ་ལའི་བླ་མ་ཞེས་པ་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཚན་དུ་ཆགས། དགུང་ལོ་སོ་བདུན་ཐོག་ཆེན་པོ་ཧོར་གྱི་ཡུལ་དུ་བྱང་ཆེན་ཆོས་འཁོར་གླིང་བཏབ། སོ་བརྒྱད་པར་ལི་ཐང་ཆོས་འཁོར་གླིང་བཏབ། སྐུ་འབུམ་དུ་བཤད་སྒྲ་གསར་དུ་བཙུགས། ཆོས་སྲུང་རྣམས་ལ་བསྟན་པ་རྒྱས་པའི་གཉེར་གཏད་མཛད། སོ་དགུ་པར་ཆབ་མདོ་བྱམས་པ་གླིང་གི་ཁྲིར་ཕེབས་ཏེ་བསྟན་དོན་རྒྱ་ཆེར་སྤེལ། བོད་རྒྱ་ཧོར་གྱི་གདུལ་བྱ་ནམ་མཁའི་སྐར་ཚོགས་ལྟ་བུར་དམ་པའི་ཆོས་ཀྱི་བགོ་སྐལ་འདོད་རྒུར་རྩལ། སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་སྐྱེ་སྤྲུལ་རྗེ་དྲུང་བསྟན་པ་རྒྱལ་མཚན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཡང་ཤིན་ཏུ་མང་པོ་བསྐྱངས། ལམ་རིམ་གསེར་གྱི་ཡང་ཞུན་སོགས་མདོ་སྔགས་བསྟོད་ཚོགས་ཆོ་ག་སོགས་ཀྱི་རྩོམ་ཆོས་ཀྱང་དུ་མ་སྤེལ་ཏེ། མཐར་དགུང་གྲངས་ཞེ་དྲུག་པ་ས་བྱི་༡༥༨༨ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ཆེན་པོ་ཧོར་གྱི་ཡུལ་དུ་ཞི་བར་གཤེགས་སྐུའི་གདུང་ཐལ་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་ཏེ་དངུལ་སྡོང་རིན་པོ་ཆེར་བཞུགས།།