ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས།
“བོད་དབུས་གཙང་གི་ས་གནས་མང་ཆེ་བར་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ཕྱེད་ནས་ཚེས་བདུན་ཉིན་ཕྱེད་བར་དུས་ཚོད་ངན་པ་དགུ་འཛོམས་པས། ཁ་སྒྲས་གླེང་གཞིའི་ཟས་མི་ཟ། རྒྱལ་བའི་གསུང་རབས་མི་སྒྲོག་ཅེས་དེ་སྔའི་ལོ་ཐོའི་ནང་ཡང་དེ་ལྟར་འགོད་སྲོལ་ཡོད་པས། ཁྱོད་ངན་པ་དགུ་འཛོམས་ན་ང་བཟང་པོ་བཅུ་འཛོམས་ཞེས་དེ་ཡི་བཟློག་ཕྱོགས་རང་རང་གི་དགའ་ཉེ་བློ་དཀར་རྣམས་ཕན་ཚུན་མགྲོན་འབོད་ཐུགས་སྤྲོ་གཏོང་བས་མཚོན་གང་དགའ་གང་སྐྱིད་དུ་སྡོད་སྲོལ་ཡོད་”ཅེས་སོགས་འཁོད་ཡོད། སྤྱིར་ལོ་སར་ཕུད་པའི་བོད་པའི་སྲོལ་རྒྱུན་གྱི་གུང་སེང་ཁག་ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་འབའ་ཞིག་ཡིན་མོད། ངན་པ་དགུ་འཛོམས་ཞེས་པ་འདི་ལ་མཚོན་ན་དེ་འདྲ་ཡང་མིན་པར་དོན་དངོས་རྣམ་རྟོག་རྐྱང་པ་ལས་གྲུབ་པའི་གུང་སེང་ཞིག་ཡིན་པ་དང༌། ཁུངས་ལུང་རྒྱུ་མཚན་གསལ་པོ་བགྲང་རྒྱུ་མེད་པར་གཞུང་འབྲེལ་གྱི་གུང་སེང་གཏོང་བ་འདི་རིགས་ནི་མ་འོས་པ་ཞིག་ཏུ་མཐོང༌། སྤྱིར་ད་ལྟའི་དུས་འདིར་གང་ཐུབ་ཐུབ་ལས་ཀ་བྱེད་དགོས་པ་ལས། གང་ཐུབ་ཐུབ་ཀྱིས་གོང་སེང་གཏོང་དགོས་པའི་དུས་ཚོད་ཅིག་མིན་ལ། འདས་པའི་དུས་སུ་བོད་མི་རིགས་ལ་མཚོན་ན་དུས་ཚོད་གཏན་འབེབས་ཀྱི་ལས་ཀ་བྱེད་སྲོལ་མེད་པར་དུས་རྒྱུན་གུང་སེང་ལྟ་བུ་ཡིན་པར་བརྟེན། བོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་འཐུས་ཤོར་དུ་གྱུར་པ་རེད། ངའི་བསམ་ཚུལ་བྱས་ན་ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ལྟ་བུར་གཞུང་འབྲེལ་གྱིས་གུང་སེང་གཏོང་མི་འོས་པ་དང༌། སླད་ཀྱི་ཆར་གུང་སེང་དེ་གཉིས་ཕྱིར་འཐེན་བྱེད་དགོས་པ་གལ་ཆེ་བར་སྣང༌། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་བྱེད་སོགས་མི་སྟོང་ཕྲག་མང་པོའི་ཉིན་གཅིག་གི་ལས་ཀའི་དུས་ཚོད་འཕྲོ་བརླག་ཏུ་བཏང་ནས་ཕན་ཐོགས་གང་ཡང་མེད། གནད་དོན་འདི་འདྲའི་རིགས་ནི་སྲོལ་རྒྱུན་ཡིན་པ་ཙམ་གཞི་རྩར་བཟུང་ནས་རྒྱུན་འཛིན་བྱེད་དགོས་པ་ཞིག་མིན་པར་བརྟེན། མཚམས་འཇོག་བྱེད་དགོས་པའི་རིགས་ཤིག་ཏུ་གྱུར་ཡོད་སྙམ། འོན་ཀྱང་དྲ་གྲོགས་རྣམ་པས་འདིའི་སྐོར་ལ་དགོངས་ཚུལ་འཛེམས་ཟོན་མེད་པར་གསུང་རོགས་ཞུ་བཞིན་ཡོད༎
ཤོ་རྒྱག་རྒྱན་ལྐུག་ཆང་འཐུང་ར་བཟི་བྱེད༎
དགོས་པའི་ལས་ཀ་སྣེ་གཅིག་མི་བྱེད་པ༎
ཕན་མེད་གནོད་པའི་གཞིར་གྱུར་གུང་སེང་འདི༎
དོན་གྱིས་ངན་པ་དགུ་འཛོམས་ཉིད་དུ་གྲུབ༎
གལ་ཆེའི་དུས་ཚོད་ཆུད་ཟོས་མི་གཏོང་བར༎
གཞུང་སྒེར་སོ་སོའི་འབྲེལ་ཡོད་ལས་དོན་ཀུན༎
འཐུས་ཤོར་མེད་པར་ཚུལ་བཞིན་བསྒྲུབས་པ་ན༎
དོན་གྱིས་བཟང་པོ་དགུ་འཛོམས་ཉིད་དུ་འགྱུར༎
