རེ་སྐུལ་ལྷ་རྫས་དཀར་པོའི་མདུད་པ།

རྣམ་དཀར་དགེ་ཚོགས་བསགས་པའི་བྱིན་མཐུ་རྣོན་པོས།།

ཆོས་ལྡན་བྷོ་ཊའི་ལྗོངས་ཀྱི་ཞིང་དུ་སྐྱེས་སོང༌།།

ལས་རླུང་ཉི་མ་ནུབ་ལ་ཕྱོགས་པའི་དུས་སུ།།

དམར་ནག་ཁྲག་གི་ལྭ་བའི་ལོ་རྒྱུས་བསྐྲུན་སོང༌།།

གང་གི་མཛད་རླབས་གོ་ལའི་ཁྱོན་དུ་འཕྱུར་བས།།

ཆོལ་གསུམ་དབུ་འཕང་འདེགས་པའི་དུས་བཟང་ཤར་ཚེ།།

རང་དོན་ནག་པོའི་སྒྱེ་མོ་ཕྲག་ལ་གཟར་ནས།།

བོད་དོན་གསེར་གྱི་རི་བོ་རྡོག་རྫིས་མ་གཏོང༌།།

ཀ་ཁའི་བང་རིམ་སྒྲིག་པའི་མཁྱེན་ཡོན་མེད་ཀྱང༌།།

ཕྱོགས་ཞེན་རལ་གྲི་ངར་མའི་རྣོ་དབལ་འཛིན་བཞིན།།

མཐུན་སྒྲིལ་ལྷ་རྫས་དཀར་པོ་གཅོད་པར་ཕོད་ན།།

དམར་པོ་དགྲ་ཡི་གདོང་དུ་ཅིའི་ཕྱིར་མི་འཆོང༌།།

གངས་རིའི་སྐྱེད་ཚལ་དུམ་བུ་གསུམ་དུ་བགོས་ནས།།

སོ་སོའི་བྱས་རྗེས་གླེང་བའི་མགོ་སྟོང་རྣམས་ནི།།

ཐུན་མིན་སྣུམ་ཞག་འཁྱིལ་བའི་ཕ་ས་གྲུ་བཞི།།

ཁྱི་སྤྱང་དམར་པོའི་ཁ་ལ་སྟེར་བའི་རྒོད་པོ།།

ཨ་མའི་བུ་ཡི་ཁོག་ན་ཁྲག་ཞིག་ཡོད་ན།།

འཐེན་འཁྱེར་དུག་གི་ས་བོན་རྒྱང་ལ་བསྐྱུར་ནས།།

རང་དྲི་རང་གིས་བྲོ་བའི་བློ་ཞིག་བཙལ་ནས།།

མཐུན་སྒྲིལ་ལྷ་རྫས་དཀར་པོར་མདུད་པ་བོར་ཤོག །

གཞན་གྱི་གོམས་ཁ་ཡར་ནས་ཡར་དུ་འཇོག་དུས།།

མིག་གི་རྒྱལ་མོ་གདང་བཞིན་སྡོད་རྒྱུ་མིན་པར།།

རྒྱལ་བའི་བཀའ་ཡི་ཉིང་བཅུད་ཡིད་ལ་སིམ་ནས།།

གྱོང་ཁའི་རེའུ་མིག་དགང་ལ་བྲེལ་བ་བྱོས་དང༌།།

ཚན་རྩལ་རིག་པའི་རྟ་ཕོ་ལྕག་གིས་སྐུལ་ནས།།

མཐོ་སྒང་བོད་ཀྱི་ལས་དབང་ཐོད་དུ་བླངས་ནས།།

ལུང་ཚན་ཕྱོགས་རེ་བ་ཡི་ཁ་ཕོ་བཞག་ནས།།

སྔོན་ཐོན་རྟགས་མ་ལེན་ལ་མྱུར་དུ་ཆས་འགྲོ།།

ཆོས་རྒྱུད་རེ་ཡི་དགེ་མཚན་ལོག་འགྲེལ་བྱེད་བཞིན།།

རྨོངས་འཐོམ་སྐྱེ་བོ་དམྱལ་བའི་ཡུལ་དུ་མ་འཁྲིད།།

ང་ཚོའི་འགན་འཁྲི་ལྕི་མོའི་སྣེ་ལ་འཇུས་ནས།།

གངས་རིའི་ལྗོངས་སུ་སྒྲོན་མེ་སྤར་བར་འགྲོ་དང༌།།

བསམ་གཞིགས་ཀློང་ནས་བརྡོལ་བའི་ཁྲག་རྒྱུན་འདི་ནི།།

གདོང་དམར་རིགས་རྒྱུད་རྣམས་ལ་རེ་སྐུལ་ཆེད་ཡིན།།

ཡང་དག་དོན་གྱི་འབྲས་བུ་འགའ་རེ་མཆིས་ཚེ།།

བུ་རུལ་ང་ཡི་སྙིང་གི་ངལ་བ་སངས་འགྲོ།།