བོད་དུ་ཕོ་མོ་འདྲ་མཉམ་ཡོད་མེད་སྐོར་རགས་ཙམ་གླེང་བ།
འཛམ་གླིང་བུད་མེད་ལ་འདྲ་མཉམ་མེད་པའི་གནས་ཚུལ་དབར་དཔྱད་བསྡུར་ཧྲོབ་བཤད།
ཐོག་མར་འདྲ་མཉམ་མི་འདུག་ཅེས་པའི་ཚིག་ཅིག་ཐོན་པ་དེ་ཕ་རོལ་པོ་དང་རང་གཞན་དཔྱད་བསྡུར་གྱི་གནད་དོན་གསལ་དགོས་པ་ལས་སོ་སོས་རང་ལ་ཚུར་བལྟས་ཏེ་ང་ལ་འདྲ་མཉམ་མི་འདུག་ཅེས་བརྗོད་སྲོལ་མེད་སྟབས། གཞན་དང་དཔྱད་བསྡུར་གྱིས་འདིར་བརྗོད་ན། བོད་ཀྱི་ཉེ་འབྲེལ་རྒྱལ་ཁབ་རྒྱ་ནག་ཏུ་གནའ་རབས་མཐོ་རིམ་གནས་བབས་སུ་ཡོད་པའི་བུད་མེད་རྣམས་གཙོ་བོར་བྱས་པའི་དཔོན་གྱི་འདུ་རར་ཚོགས་པའི་དབང་འཛིན་པ་རྣམས་ཀྱི་འདོད་མོས་ལྟར། རྐང་རིལ་པད་མའི་མེ་ཏོག་ཅེས་པའི་མཛེས་ཆོས་སུ་ལྟ་ཚུལ་གྱིས་བུ་མོ་རང་ལོ་ཆུང་དུས་ནས་གདུག་རྩུབ་བཙན་ཤེད་ཀྱིས་རྐང་རིལ་དུ་བསྡམས་ཏེ། ཕོ་དང་འདྲ་མཉམ་མེད་པའི་མཐོང་ཆུང་གིས་ལྟ་བ་ངན་པའི་མངོན་ཚན་ཆེན་པོ་བྱུང་བས། རྒྱ་ནག་བུད་མེད་ཀྱི་ལུས་སེམས་གཉིས་ལ་སྡུག་བསྔལ་བསམ་གྱི་མི་ཁྱབ་པ་བཟོ་བའི་ལུགས་སྲོལ་དེ་དག་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་དུའང་རྒྱ་མོ་རྐང་རིལ་ཅན་རེ་འགའ་ང་ཚོའི་མིག་ལམ་ནས་མཐོང་ཐུབ་པ་ལྟར་ཡིན།རྒྱ་གར་དང༌། བལ་ཡུལ་ལའང་གནའ་རབས་བུད་མེད་ཀྱི་ཚོར་ཤུགས་ལ་སྣང་མེད་བཏང་སྟེ། གལ་ཏེ་ཁྱོ་བོ་སྔོན་ལ་ཤི་ན་ཆུང་མ་ཁྱོ་བོའི་རོ་དང་ལྷན་དུ་དུར་འཇུག་གསོན་རྦས་བྱེད་པ་དང༌། ཡང་ན་ཁྱོ་བོ་ཤི་བའི་རོ་དང་མཉམ་དུ་གསོན་སྲེག་བྱེད་པའི་ལུགས་སྲོལ་ངན་པ་རྒྱུན་རིང་དར་ཞིང༌། དེའི་སྐོར་དགེ་ཆོས་ཀྱིས་ཀྱང། གནའ་དུས་རྒྱ་གར་ཡུལ་དུ་བུད་མེད་རྣམས། །ཁྱོ་བོ་ཤི་ཚེ་མེ་ལ་ལྕེབས་ནས་འཆི། །འཆི་མ་ནུས་ན་གསོན་ཡང་རོ་རུ་བརྩི། །ཡུགས་ས་བཙོག་པའི་འབྱུང་ཁུངས་དེ་ཙམ་ལགས། །ཞེས་སོགས་གསལ་ཡོད། དེས་ན། ཁྱིམ་མཚེས་རྒྱ་དཀར་ནག་གཉིས་ནས་ཉམས་ཆུང་བུད་མེད་ཀྱི་རིགས་ལ་མནར་གཅོད་བློ་ཡུལ་དུ་ཤོང་དཀའ་བའི་ཚད་ལས་བརྒལ་བ་དེ་དག་བྱུང་མྱོང་ཡོད།གནའ་རབས་སུ་ཤར་ནུབ་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་ཁ་ཆེ་ཆོས་ལུགས་ཀྱིས་བུད་མེད་ནི། ཁྱིམ་ཚང་ཉམས་རྒུད་འགྲོ་བའི་དུག་རྩ་ལྟ་བུར་བརྩིས་ཏེ་མེས་རྒྱུད་ཀྱི་རྒྱུ་ནོར་རྒྱུད་འཛིན་བུ་ཁོ་ནས་བྱེད་པ་ལས་བུད་མེད་ལ་ཁྱིམ་རྒྱུད་འཛིན་པའི་དབང་ཆ་སྤྲོད་སྲོལ་མེད། ཤོད་སྲོལ་དུ་ཕོ་ཡིས་བུད་མེད་མཐོང་ན་ཉེས་དམིགས་མི་བསགས་པ་དང༌། བུད་མེད་རང་ངོས་ནས་ཉེས་པ་མི་གསོག་པའི་ཆེད་དུ་ཡིན་སོགས་བསྙད་དེ། བུད་མེད་གཞོན་ནུ་མའི་དུས་ནས་བཟུང་གདོང་རིས་ཕྱིར་མི་མངོན་པའི་ཆེད་དུ་རས་ནག་གིས་གཡོག་དགོས་པ་དང༌། བུད་མེད་རང་ངོས་ནས་ཆོས་ལུགས་གཞན་པའི་སྐྱེས་པ་དང་འཆང་ས་འགྲིག་ན་བུད་མེད་དེ་ལ་མ་ལྟོས་པར་ཆོས་མཐུན་ཚོས་ཁྱོ་བོ་གསོན་སྦས་ཀྱི་ངན་སྤྱོད་ཀྱང་སྤེལ་ཚུལ་སྣང་བས་བུད་མེད་ལ་ཆོས་ཁྲིམས་ཀྱི་དོ་དམ་ནན་པོ་བྱུང་ཞིང༌། ཡེ་ཤུའི་ཆོས་ལུགས་ཀྱི་གསུངས་རབ་ནང་བུད་མེད་ཕྲུ་གུ་བཙས་རྗེས་བདུན་ཕྲག་དང་པོ་དང་གཉིས་པའི་དུས་སུ་མི་གཙང་བ་དང༌། ཟླ་མཚན་འབབ་བཞིན་པའི་བུད་མེད་ཀྱིས་གང་དུ་རེག་ཀྱང་དེར་མི་གཙང་བར་འགྱུར་བ། ལྷ་ཁང་ནང་དུ་བུད་མེད་ཀྱིས་སྐད་ཅོར་རྒྱག་མི་ཆོག་པ། བུད་མེད་ལ་ཕྲུ་གུ་སྐྱེ་བ་དང་ཟླ་མཚན་འབབ་པ་སོགས་ཀྱི་སྐྱོན་འགའ་ཞིག་དཀོན་མཆོག་གིས་ཆེད་དུ་གཉེར་ནས་ཉེས་པ་བཏང་བར་བཤད་སྲོལ་ཡོད་པར་སྣང༌། ཆབ་སྲིད་ཐད། གནའ་དུས་ཡཱུ་རོའབ་དང༌། ཨ་རི་སོགས་རྒྱལ་ཁབ་མང་པོར་བུད་མེད་ལ་འོས་བླུག་མི་ཆོག་ལ། བུད་མེད་འགའ་ཤས་འབད་བརྩོན་གྱིས་རྗེས་སུ་འོས་ཤོག་བླུག་ཆོག་ཙམ་བྱུང་ཡང༌། ཕོ་མོ་འདྲ་མཉམ་མེད་པར་བུ་ལོ་ཉི་ཤུ་རྩ་གཅིག་དང་བུད་མེད་ལོ་ཉི་ཤུ་རྩ་བདུན་གྱི་ཁྱད་པར་བཟོས་ཤིང༌། དེང་དུས་ཕོ་མོ་འདྲ་མཉམ་གྱི་འོས་ཤོག་བླུག་ཆོག་པ་ནི་དུས་ཕྱིས་སུ་བྱུང་བ་ཞིག་རེད།འོན་ཀྱང་བོད་དུ་བུད་མེད་ལ་མཐོང་ཆུང་བྱས་པའི་བྱ་ངན་གྱི་རིགས་རྩ་བ་ཉིད་ནས་མེད་ཅེས་ཤོད་དཀའ་ནའང༌། གཅིག་གྱུར་དུ་ཁྱབ་པའི་གནའ་རབས་སྲོལ་རྒྱུན་ནང་གོང་བརྗོད་ལྟར་བུད་མེད་ལ་ལྟ་སྤྱོད་ངན་པ་བྱས་པའི་དཔེ་མཚོན་མེད་ཅིང༌། བོད་དུ་ནང་ཆོས་དར་རྗེས་ཕོ་མོ་ལ་རྩ་བའི་སྒོ་ནས་གཅིག་གྱུར་གྱི་རྨང་གཞིའི་ལྟ་བ་འཛིན་པ་མ་ཟད། ལྷག་པར་དུ་མ་གྱུར་སེམས་ཅན་ཐམས་ཅད་སོགས་ཀྱིས་མ་ནི་མིའི་རིགས་ཀྱི་གཞི་མར་ལྟ་སྟངས་ཡོད་པའི་ལུགས་བཟང་དང༌། གཞུང་འཛིན་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་མིན་པའི་བུད་མེད་ལ་མནར་གཅོད་ཚད་གཞི་བརྒལ་བའི་ཁྲིམས་ལུགས་ཀྱི་སྡོམ་རྒྱ་ནན་པོའི་འོག་ཏུ་བུད་མེད་ལ་མནར་གཅོད་ཚད་མེད་བཏང་བའི་སྐྱོ་གར་སྔོན་མཚན་ཆེ་བ་གང་ཡང་བྱུང་མྱོང་མེད་སྟབས། ད་ཐེངས་བཀའ་ཤག་གིས་བོད་དུ་ཕོ་མོ་འདྲ་མཉམ་མིན་པའི་གནས་ཚུལ་སྔར་ནས་ད་བར་བྱུང་མེད་ཀྱང་ཞེས་པའི་དོན་གཙོ་བོར་གོ་དགོས་པ་མིན་ནམ་སྙམ།
བོད་དུ་དར་ཆེ་བའི་འཁོས་སོ་དྲུག་ནང་མོ་བཙུན་བཀའ་ལ་མི་གདག་པའི་སྐོར།
འོ་ན་རེ་འགས་དེ་ལྟར་འདོད་ན་བཙན་པོའི་སྐབས་ཀྱི་འཁོས་སོ་དྲུག་ནང་མོ་བཙུན་བཀའ་ལ་མི་གདགས་པ་ཅེས་བུད་མེད་ལ་མཐོང་ཆུང་གི་ཁྲིམས་བཅས་འདུག་ཅེས་བརྗོད་སྲིད། དེར་ཞིབ་དཔྱོད་དགོས་ཏེ། བཙན་པོའི་སྐབས་སུ་འཁོས་སོ་དྲུག་ཁྲིམས་ཡིག་ཡིན་ཞེ་ན། ཁྲིམས་འགལ་བྱུང་བའི་ཉེས་ཁྲིམས་ཤིག་ཀྱང་དུས་མཚུངས་སུ་ངེས་པར་དུ་ཡོད་དགོས་པ་ལྟ་བུར་སྣང་ལ། དེ་ལྟར་མ་འབྱུང་བ་ནི་སྐབས་དེར་ནང་ཆོས་ཀྱིས་སྤྱི་ཚོགས་བྱ་སྤྱོད་ཚོད་འཛིན་གཙོ་བོར་བྱས་པའི་གནས་ལུགས་མཐོང་ཐུབ་ཅིང༌། ང་ཚོས་འཁོས་སོ་དྲུག་ཀྱང་ནང་ཆོས་དང་འབྲེལ་བའི་བསླབ་བྱ་ལྟ་བུ་ལས་རྩ་ཁྲིམས་མ་ཡིན་པར་འདྲི་དོགས་ཡོད་ལོས་ཆོག དེ་ཙམ་གྱིས་བཙན་པོས་མོ་བཙུན་ཚོར་མཐོང་ཆུང་བྱས་འདུག་ཅེས་ཟེར་ན་དཔྱད་གཞི་མེད་པའི་འུར་གཏམ་ཁོ་ནར་ཟད་དེ། ཁོ་མོས་རྩོམ་ཡིག་གཞན་ཞིག་ཏུ་མོ་བཙུན་བཀའ་ལ་མི་གདགས་པ་ཞེས་པའི་སྐོར་འདི་བཞིན་བརྗོད་ཡོད་དེ། “འདིར་གསལ་བའི་བཙན་པོ་དང་མོ་བཙུན་དབར་གྱི་འབྲེལ་བའི་ལོ་རྒྱུས་དག་ནས་སྐབས་དེ་དུས་བཙན་པོས་མོ་བཙུན་རྣམས་ལ་བརྩི་མཐོང་ཆེན་པོ་གནང་ཡོད་པའི་དངོས་དོན་གསལ་པོ་ཡིན། འོ་ན་བཙན་པོས་དངོས་བྱུང་ལོ་རྒྱུས་ཀྱི་བྱུང་འཕེལ་ནང་མོ་བཙུན་ལ་བརྩི་མཐོང་དང༌། མོ་བཙུན་བཀའ་ལ་ཆ་འཇོག་ཆེན་པོ་བཞག་པའི་ལོ་རྒྱུས་ཡོད་བཞིན་དུ་མོ་བཙུན་བཀའ་ལ་མི་གདགས་པ་ཞེས་པའི་ཁྲིམས་ཤིག་ཀྱང་བཅའ་དགོས་བྱུང་འདུག་པ་དེའི་གནད་དོན་གང་ཡིན་ཞེ་ན། དེ་ལ་བཤད་སྟངས་ཕྱོགས་གཉིས་ཏེ། ཕྱོགས་དང་པོས། ཐོག་མ་མོ་བཙུན་བཀའ་ལ་འདས་ནས་གྱོང་རྒུད་དང་ཕམ་ཁ་ཚབ་ཆེན་ཕོག་པའི་དངོས་ཡོད་ཀྱི་དོན་རྐྱེན་ལས་བྱུང་བའི་ཉམས་མྱོང་གིས་ཕམ་ཁ་སྔོན་འགོག་ཆེད་དུ་མོ་བཙུན་བཀའ་ལ་མི་གདགས་པའི་དགག་བྱའི་ཁྲིམས་ཤིག་བཅའ་བའི་དགོས་མཁོ་བྱུང་སྲིད་ཡོད་ངེས་རེད། འོན་ཀྱང་དོན་དངོས་ཐོག་མོ་བཙུན་ལ་བརྩི་འཇོག་དང་མོ་བཙུན་གྱི་ལེགས་པའི་གཏམ་ལ་ཉན་འཇོག་བྱེད་དགོས་པ་ནི་བཙན་པོའི་དགོངས་པ་རྣལ་མ་ཡིན་ན། མོ་བཙུན་བཀའ་ལ་མི་གདགས་པའི་བསམ་ཚུལ་གྱིས་ཁྲིམས་བཅའ་དགོས་བྱུང་བ་ནི་གང་ཟག་གཞན་གྱི་འདོད་དོན་དང༌། བཙན་པོའི་འཁོར་གྱིས་གནོན་ཤུགས་ཆེས་ཆེར་ཕྲད་དེ་འདི་བཞིན་ཁྲིམས་ཤིག་བཅའ་དགོས་བྱུང་བ་ནི་མ་བལྟས་དངོས་གསལ་ཡིན་ཏེ། བཙན་པོའི་མངའ་ཐང་དབྱར་ཆུ་ལྟར་རྒྱས་བཞིན་པར་གློ་བུར་དུ་སྐུ་གཤེགས་པའི་གནད་དོན་དེའི་ནང་ལའང་མོ་བཙུན་རྣམས་ཀྱི་བཀའ་ལ་ཆ་འཇོག་གནང་ཐལ་ཆེ་དྲག་པའམ། ཕྱི་མཛེས་ནང་རུལ་ཅན་གྱི་འཁོར་དེ་དག་གིས་ཞེ་སྡང་དང༌། གནག་སེམས་ཀྱིས་མ་བཟོད་པར་རུལ་སུང་གི་དྲི་ངན་ཞིག་མིན་པ་སུས་ཁ་མཚོན་གཅོད་ཐུབ་བམ། དེ་བཞིན་བཙན་པོར་སྔར་བསྙུན་ནད་གང་ཡང་མེད་པའི་ཕོ་གཞོན་དར་མ་ཡར་འགྲོའི་རང་ལོ་སུམ་ཅུའི་ནང་དུ་ཕེབས་སྐབས་གློ་བུར་དུ་གྲོངས་པའི་གནད་དོན་ནི་མ་རུང་ཁོག་བཅང་འགའ་ཡིས་དཀྲོངས་པའི་དོགས་གཞི་ཆེ་བ་ནི་ནང་འཁྲུག་གི་མེ་ལྕེ་དྲག་ཏུ་འཕྱུར་མྱོང་བའི་འུ་ཚང་གི་རྒྱལ་རབས་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་གནད་དོན་དེའི་བྱུང་རྐྱེན་གྱི་ཆ་ཤས་ལྟ་བུར་འཛིན་རུང་བ་སོགས་ནི་དཔྱད་ཡུལ་ཞིག་ཡིན། ཕྱོགས་གཉིས་པས། དེ་མིན་མོ་བཙུན་བཀའ་ལ་མི་གདགས་པ་ནི་རྒྱལ་པོའི་བཙུན་མོ་དང་བུད་མེད་རྣམས་རྒྱལ་པོའི་བཀའ་ཁྲིམས་ལ་སྦྱར་མི་རུང་བའི་དོན་ལ་གོ་དགོས་པ་དང། རྒྱལ་པོའི་བཙུན་མོ་དང་བུད་མེད་རྣམས་གཞན་དང་གཅིག་མཚུངས་ཀྱིས་ཉེས་པ་འབྱུང་ཡང་ཁྲིམས་ལ་མི་སྦྱོར་བའི་དོན་དུ་འགྲེལ་མཁན་ཡོད་པ་ནི་རྒྱལ་པོས་མོ་བཙུན་རྣམས་རང་བཞིན་གྱི་ཉམ་ཆུང་གཤིས་སྤྱོད་སོགས་ལ་ཐད་ཀར་རྟོག་དཔྱོད་མཛད་དེ་ཁྲིམས་ཀྱི་མདུན་སར་དམིགས་བསལ་གྱི་གུ་ཡངས་བཏང་བ་ཞིག་ཡིན། དེ་བཞིན་སྤྱི་བཏང་ཆ་ནས་བཤད་ན་མོ་རིགས་སྐྱེས་པ་ཕོ་ལྟར་མི་བསད་ཁྲག་སྦྱོར་དང་ཇག་འཕྲོག་གི་ངར་ལས་སུ་འཇུག་མཁན་ཆེས་ཉུང་ཞིང༌། གལ་ཏེ་འུ་ཐུག་ནས་མཚམས་རེར་རེ་གཉིས་འབྱུང་སྲིད་ཀྱང་སྐབས་དེར་རྒྱལ་པོའི་བཀའ་བཞིན་ཁྲིམས་ལ་སྦྱོར་མི་དགོས་པ་གདམས་པ་རེད། བཤད་སྲོལ་གཞན་ལ་མོ་བཙུན་རྣམས་ཀྱི་རྨང་གཞིའི་སེམས་ཁམས་སུ་སྙིང་རྗེ་ཆེ་བས་རྒྱལ་པོའི་མངའ་ཁོངས་སྲུང་མཁན་ཕོ་རྒོད་རྣམས་བློ་ཁོག་ཆེར་བསྐྱེད་ཀྱིས་དགྲ་བོར་མཐར་སྐྲོད་གཏོང་བའི་ངར་ཤུགས་ཉམས་དམས་འགྲོ་སྲིད་པའི་དངོས་ཡོད་ཀྱི་གནས་སྟངས་ལ་བསམ་གཞིགས་ཐོག་སྐབས་སུ་བབ་པའི་དུས་དེའི་ཆབ་སྲིད་རྒྱབ་ལྗོངས་ཀྱི་གནས་སྟངས་ལ་སྟབས་བསྟུན་གྱིས་ལམ་སྲོལ་འདི་འདྲ་ཞིག་བཅའ་དགོས་བྱུང་བའི་བལྟ་ཕྱོགས་ཡོད་ཀྱང་དེ་ནི་བཙན་པོས་གནས་ཚུལ་ཐག་གཅོད་ཡོང་བའི་སྐབས་བབ་ཀྱི་ཐབས་ལམ་ཞིག་སྤེལ་བ་ཙམ་ལས་མོ་བཙུན་ལ་མཐོང་ཆུང་དང་དམའ་འབེབས་བྱས་པའི་རྒྱུ་མཚན་གང་ཡང་མིན་ལ། སྲོང་བཙན་ནི་འཕྲལ་ཕུགས་གང་ལའང་གཟིགས་རྒྱང་རིང་བའི་སྒམ་པོ་ཞིག་ཡིན་སྟབས་མོ་བཙུན་ལ་དམའ་འབེབས་པའི་ཐུགས་བསམ་དོག་པོ་ཞིག་ག་ལ་ཡོད།“ ཅེས་དཔྱད་བརྗོད་བྱས་ཡོད།
གཞན་ཡང་དེ་མིན་གྱི་དཔེར་མཚོན་ཆུང་ཆུང་ཞིག་གིས་དོན་བཀྲལ་ན། གང་ཟག་ག་གེ་མོ་ཞིག་གི་མི་ཚེའི་ལེགས་ཉེས་སྣ་ཚོགས་སྤེལ་བར་ལེགས་ཉེས་ཀྱི་དོན་དམ་དང་མང་ཉུང་ལ་བརྟེན་ནས་ཁོའི་མི་ཚེ་ལ་མཇུག་བསྡོམས་བརྒྱག་དགོས་པ་ལས༌། ཁོའི་ནག་ཉེས་ཁོ་ན་བགྲང་སྟེ་ངན་ཕྱོགས་སུ་བཙན་གྱིས་བསྐྱལ་བ་ནི་སུས་ཀྱང་ངོས་ལེན་དཀའ་བའི་གནད་དོན་ཞིག་ཡིན། རྗེ་བཙུན་མི་ལ་རས་པས་ཆུང་དུས་རང་ཕྱོགས་ཀྱི་དགྲ་ཤ་ལེན་ཆེད་དྲག་སྔགས་ལ་འབད་དེ་མི་གྲངས་མང་པོའི་ཚེ་སྲོག་དགུམ་ཡོདཀྱང༌། མཐར་ཁོང་རྨོངས་པའི་གཉིད་ལམ་སྟུག་པོ་ནས་སེད་དེ་འབད་འབུངས་ཀྱི་མཐར་བསྐྱེལ་ནས་ཚེ་གཅིག་ལུས་གཅིག་སངས་རྒྱས་ཏེ་འགྲོ་བ་མིའི་སྐྱབས་གནས་སུ་གྱུར་བ་མ་ཡིན་ནམ། འོ་ན་ང་ཚོས་སྐབས་བབ་ཀྱི་གནས་སྟངས་ཁོ་ནར་གཞིགས་ཏེ། མི་ལ་རས་པ་ནི་མི་བསད་ལག་དམར་བ་རེད་ཅེས་མཐའ་བསྡོམས་བརྒྱབ་ན་གཟུར་གནས་ཚོ་གད་མོ་མི་འཆོར་བའི་རྒྱུ་ཞིག་གང་ན་གདའ།
བོད་པའི་སྤྱི་ཚོགས་སུ་མོ་ལ་མཐོང་ཆུང་གི་སྤྱོད་ངན་བྱུང་མིན།
སྤྱི་བཏང་རྒྱལ་ཁབ་ཚང་མར་ཕོ་ལས་དང་མོ་ལས་ཡོད་པས། བོད་ཆོས་ལྡན་ཞིང་དུའང་དགེ་མཚན་གྱི་ཕོ་མོའི་བར་ན་ལས་དོན་མི་འདྲ་དུ་མའི་ཕོ་ཡིས་ཕོ་ལས་དང་མོ་ཡིས་མོ་ལས་ཀྱི་ཁྱད་པར་ཡོད་ངེས་ཀྱང༌། འཇིག་བརྟེན་དུ་ཕོ་མོ་དབྱེ་བའི་ཐོག་ནས་ལས་བྱང་མི་འདྲ་བ་གཉེར་བ་དེས་བུད་མེད་ཚོས་ཤུགས་ལས་གཙོ་བོར་བྱས་ཏེ་ཕོ་དང་གཅིག་གྱུར་གྱི་བྱ་བ་གཞན་དུ་འཛུལ་ཞུགས་བྱེད་རྒྱུར་བློ་ཁོག་བསྐྱེད་པར་ཚོད་འཛིན་བྱུང་བས། བུད་མེད་ནི་ཕོ་དང་གཅིག་མཚུངས་ཀྱི་ལས་དོན་རྒྱ་ཆེར་སྒྲུབ་པར་འགག་སྒོ་ལྟ་བུ་སྣང་ཚུལ་སྟེར་ཡོང། ཡང་ཆོས་ལུགས་མི་སྣ་ཉུང་ཤེས་ཀྱིས་སོ་སོའི་ཉམས་རྟོགས་ཀྱི་སྤུས་ཚད་ལ་མ་འཛེམས་པར་བུད་མེད་ནི་དུག་གསུམ་འཕེལ་བའི་གཞི་རྩའི་ངོས་འཛིན་གྱི་དམའ་འབེབས་བྱས་པ་དང༌། མང་པོས་འཇིག་བརྟེན་ཐོག་བུད་མེད་ཀྱི་བྱ་གཞག་ཆུང་ཙག་འགའ་ཞིག་གལ་གནད་དུ་མ་མཐོང་སྟེ་མོ་ལ་རང་བཞིན་གྱི་དམན་ས་འཇོག་ཅིང་མཐའ་ན་སྐྱེས་དམན་དང་ནག་མོ་སོགས་ཀྱིས་དམའ་འབེབས་དང་མཐོང་ཆུང་གི་ཚིག་ཚོགས་བེད་སྤྱོད་པ་མ་ཟད། ལུས་གཟུགས་ཀྱི་གནས་སྟངས་ཁོ་ནར་བརྟེན་ནས་བུད་མེད་རྫོག་དགོས། རྔ་རྒོག་རྡུང་དགོས་ཅེས་པ་ལྟར། བུད་མེད་ལ་བཅར་རྡུང་བྱེད་མཁན་གྱི་ཕོ་རྒོད་དུ་རློམ་པ་དེ་འདྲའང་ཡོད་བཞིན་པ་རེད། བུད་མེད་ཀྱི་བྱ་གཞག་སྣང་མེད་དུ་སྐྱུར་བའི་མཐོང་སྣང་དཔེ་མཚོན་དུ་དཀྲལ་ན། བོད་པའི་ལོ་རྒྱུས་ཟིན་ཐོ་རུ་གྲགས་སྙན་འབར་བའི་མོ་མཆོག་གམ་བོད་ཀྱི་མཛངས་མ་མ་ཅིག་ལབ་སྒྲོན་ནི་མདོ་སྔགས་གཉིས་ཀྱི་མཁྱེན་རྒྱ་ཟབ་ཅིང་སྐྱེ་འགྲོའི་སློབ་དཔོན་དུ་ངེས་ཤིང༌། ཁོང་མོས་མོ་གཅོད་ཀྱི་གདམས་པ་གསར་གཏོད་གནང་བར་གྲགས་ཀྱང༌། ཁོང་མོས་བརྩམས་པའི་གླེགས་བམ་བཅུ་པོ་ཡོངས་རྫོགས་ཁོང་མོས་བརྩམས་མིན་གྱི་རྩོད་གླེང་ཡོད་པར་བལྟས་ཚེ། འདི་ལྟར་བོད་མོ་རྣམས་ཀྱི་དམིགས་བརྟེན་དུ་འོས་པའི་མཛངས་མ་དེའི་མཛད་རྣམ་ཡང་ཆ་མ་ཚང་བ་དང༌། བུད་མེད་ཀྱི་གནས་ལུགས་རྣམས་ལོ་རྒྱུས་སུ་ཞིབ་ཕྲར་མ་འཁོད་པ་དེས་འདྲ་མཉམ་མིན་པར་བཤད་མི་ནུས་ཀྱང༌། བུད་མེད་ལ་མཐོང་མ་སྤྲད་པའི་གནས་དོན་གསལ་ཡོད་པ་རེད། གཞན་ཡང༌། བཙན་པོའི་དུས་ཀྱི་མ་མ་གྲོ་ཟ་སྐྱིད་བརླིང་མ་དང༌། གླུ་སྲིང་མེར་ལྕམ། ལྷག་པར་རྒྱལ་རབས་གཉིས་ཀྱི་ཆབ་སྲིད་དབང་འཛིན་པ་རྒྱལ་མོ་ཁྲི་མ་ལོད་ཀྱི་གནས་སྟངས་ལ་གཞིགས་ཚེ། བོད་ཙམ་མིན་པར་འཛམ་གླིང་བུད་མེད་ཡོངས་ཀྱི་ལོ་རྒྱུས་ཐོག་ནས་བལྟས་ཀྱང་རྒྱལ་མོ་ཁྲི་མ་ལོད་ནི་དཔའ་རྩལ་དང་བློ་གྲོས་གཉིས་ལྡན་གྱི་བུད་མེད་གྲགས་ཅན་ཞིག་ཡིན་པ་ཤིན་ཏུ་གསལ། དེ་ལ་མཁས་དབང་ནམ་མཁའི་ནོར་བུས་མཐོང་ཆེན་འདྲ་མཛད་ཡོད་ན་མ་གཏོགས། ཁོང་མོའི་ལོ་རྒྱུས་ཞིབ་ཕྲ་འཁོད་མེད་པ་མ་ཟད། དེ་འདྲ་ཡིན་མིན་གྱི་དཔྱད་གཏམ་སྤེལ་མཁན་མང་ན་ལེགས་ཉེས་ལ་མ་ལྟོས་པར་བུད་མེད་དེ་དག་གི་ལོ་རྒྱུས་ལ་སྣང་ཆུང་གིས་དེབ་ཐེར་ཁག་ཏུ་ཞིབ་ཕྲ་འཁོད་མ་ཐུབ་པ་ནི་བུད་མེད་ཁོ་ནར་མིན་པར་བོད་པ་ཚང་སྤྱི་ཡོངས་ཀྱི་ལོ་རྒྱུས་སྟོང་ཆར་གྱུར་པ་སྐྱོ་སེམས་ཀྱི་སྒོ་ནས་སྨྲ་བར་སྤོབས།
དེ་མིན་བུད་མེད་ནི་དུས་ནམ་ཡང་ཁྱིམ་ལས་སོགས་ཆུང་ཙག་ཙིག་གི་ལས་དོན་གཉེར་མཁན་དང༌། མོ་ཆུང་དུས་ནས་ཤེསརིག་གིས་གསོ་སྐྱོང་བྱེད་པའི་གོ་རིམ་ཆ་ཚང་བ་ཞིག་མ་བྱུང་བས། བུད་མེད་ཀྱིས་ཤེས་རིག་སྦྱོང་བའི་གོམས་གཤིས་ཀྱང་མེད་པར་གྱུར་འདུག བུད་མེད་རྣམས་ལ་རང་བཞིན་གྱི་ཉམས་ཆུང་ལྟ་བ་དང༌། མོ་ཕོ་གཅིག་མཚུངས་ཀྱི་བློ་རིག་དང་འཇོན་ནུས་ཡོད་པར་སྣང་ཆུང་བྱས་ཆེ་དྲག་པའི་རྐྱེན་གྱིས། བུད་མེད་ནི་འདིའོ་ཞེས་སྤྱི་ཚོགས་ཀྱིས་བཟོས་པའི་བུད་མེད་ཀྱི་འདྲ་དབྱིབས་དེའི་རྗེས་སུ་བུད་མེད་རྣམས་ད་དུང་ཡང་ངར་ངར་ཤུགས་ཤུགས་ཀྱིས་འཇུག་བཞིན་པའི་གནས་སྟངས་འོག བུད་མེད་ནི་དུས་ནམ་ཡང་ཉམས་ཆུང་གི་དྲ་རྒྱ་ནས་ཐར་ཐབས་བྱུང་མེད་ལ། ཕོ་དང་གཅིག་མཚུངས་ཀྱི་བུད་མེད་རྣམས་ཀྱི་ལུས་སེམས་གཉིས་ལའང་དར་རྒྱས་ཀྱི་སློབ་སྦྱོང་གི་ཆེད་ལས་གོ་རིམ་འཐུས་ཚང་ཞིག་ད་ལྟའང་འཚོལ་མ་ཐུབ་པའི་ཚུལ་དུ་ལྷག་འདུག དེས་ན། ད་ཐེངས་རང་གཞུང་བཀའ་ཤག་གིས་བོད་ཀྱི་ལོ་རྒྱུས་ཐོག་སྔར་ནས་ད་བར་ཕོ་མོ་འདྲ་མཉམ་མེད་པའི་གནས་ཚུལ་བྱུང་མེད་ཀྱང་ཞེས་གསུངས་པ་དེས་གཞུང་གི་རྩ་ཁྲིམས་སོགས་ནས་དག་སེལ་མཛད་པའི་རྣམ་གཞག་ཡིན་གྱི། བོད་པའི་གོམས་སྲོལ་ངན་པའི་ནང་བུད་མེད་ལ་མཐོང་ཆུང་གི་སྤྱོད་ངན་གཙང་སེལ་བྱེད་པའི་དག་མཆན་ལ་ངོས་འཛིན་མི་རུང་ཞིང༌། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་བུད་མེད་ལ་མཐོང་ཆུང་གི་སྤྱོད་ངན་རིགས་དར་སྲོལ་མངོན་ཆེ་མ་མཐོང་ཡང༌། གཞིས་སུ་བུད་མེད་ལ་ཕྱི་ནང་གསང་གསུམ་དུ་སྤྱི་ཚོགས་ཀྱིས་ཆེད་དུ་བཟོས་པའི་གནོན་ཤུགས་འཕྲད་བཞིན་པ་ནི་དངོས་བདེན་ཡིན་ཏེ། བོད་ཀྱི་བུད་མེད་རྩོམ་པ་པོ་ར་རྫ་འཇམ་གཡང་སྐྱིད་ཀྱིས་བུད་མེད་ཐོག་བོད་པའི་སྲོལ་རྒྱུན་གོམས་གཤིས་ངན་པའི་སྐོར་མཐོང་ཐོས་མྱོང་གསུམ་གྱི་ཐོག་ནས་གླེང་སློང་བྱས་འདུག
མཇུག་གཏམ།
སྤྱིའི་ཆ་ནས་བཤད་ན་བུད་མེད་ནི་འཛམ་གླེང་གི་འགྲོ་བ་མིའི་སྐྱེ་འཕེལ་གྱི་མ་མ་ཡིན་ལ། ཆོས་དང་འཇིག་བརྟེན་གཉིས་སུ་མེད་དུ་མི་རུང་བའི་ཆ་ཤས་འགངས་ཆེན་ཞིག་ཀྱང་ཡིན་སྟབས། བུད་མེད་རང་ལུས་ཀྱི་གནས་སྟངས་དང་སྤྱི་ཚོགས་ཀྱི་གོམས་གཤིས། གང་ཟག་རང་ངོས་ཀྱིས་རང་ལ་མཐོང་སྤྲད་དེ་འབད་ཕྱོགས་གཅིག་ཏུ་བརྩོན་འགྲུས་མཐིལ་ཕྱིན་པ་དགོས་རྒྱུ་ནི་མིག་སྔར་བུད་མེད་ལ་དགོས་མཁོ་གཙོ་བོ་རེད། ཡིན་ཡང་འཛམ་གླིང་སྤྱིའི་སྤྱི་ཚོགས་གོམས་གཤིས་སོགས་ཀྱིས་བུད་མེད་ལ་འདྲ་མཉམ་མིན་པའི་ལྟ་བ་རྒྱ་ཁྱབ་སོང་བ་དང༌། བུད་མེད་རང་ངོས་ནས་ཀྱང་དེར་གདོང་ལེན་མ་ཐུབ་པའི་རྐྱེན་གྱིས་བུད་མེད་ཀྱི་རང་བཞིན་གནས་སྟངས་ཕྱོགས་མིན་པར་ཕྱི་འཇིག་བརྟེན་གྱི་སྤྱི་ཚོགས་ཁོར་ཡུག་གིས་བུད་མེད་ལ་མཐོང་ཆུང་དང་དམན་སར་འཇོག་པའི་གནད་དོན་ནི་ད་དུང་ལན་འདེབས་མེད་པའི་དྲི་རྟགས་ལྕི་མོ་ཞིག་དང་མཚུངས་སོ། འོན་ཀྱང་དགའ་འོས་པ་ཞིག་ལ་དེང་དུས་ཀྱི་འགྲོ་བ་མིའི་རིགས་ནི་ཕོ་ལས་ཀྱི་གཡུལ་འཕྲུག་གི་བྱ་བ་ངར་མོར་ཞུགས་པར་མི་སྤྲོ་ཞིང་ཞི་བདེ་དང་བློ་གྲོས་ལ་ཁ་ཕྱོགས་བཞིན་མོ་ལ་མཐོང་ཆེན་དང་བརྩི་བཀུར་འོས་པའི་དུས་རབས་བཟང་པོ་ཞིག་དར་འགོ་འཚུགས་པ་ཡིན་སྟབས་ཁ་བ་རི་བའི་མོ་རྣམས་ཚུད་པའི་འཛམ་གླིང་གི་བུད་མེད་ཚོས་ཤེས་རབ་རང་བཞིན་གྱི་འཇོན་ནུས་ཡོད་ན་སྤོབས་པའི་སྒོ་ནས་ཕྱིར་མངོན་རན་ཚོད་རེད་འདུགོ།༢༠༠༨།༡༢།༢༠
