གདན་སའི་ནང་དུ་སློབ་ཕྲུག་ཚོ་ཡང་ཡང་ཕེབས་ཐུབ་པར་ཤོག

ད་དུང་འབྲས་སྤུངས་དང་སེ་ར་ནའང་དེ་བཞིན་སློབ་ཕྲུག་གུང་གསེང་བས་ཁེངས་འདུག  འདི་ཕལ་ཆེ་བ་གདན་སའི་དགེ་བཤེས་དང༌། བླ་མ། གྲྭ་བ་ཚོས་གུང་གསེང་ལ་བླངས་པ་ཤ་སྟག་རེད་ལ། སློབ་མ་འདི་འདྲ་གཅིག་གུང་གསེང་ལ་བླངས་ན་མང་མཐའ་སྒོར་ཆིག་ཁྲི་དང༌། ཉུང་མཐའ་སྒོར་ལྔ་སྟོང་འགྲོ་བཞིན་ཡོད། འདི་དག་མཐོང་དུས་ངའི་སེམས་ནང་ལ་ད་ལྟ་གྲྭ་ས་འདི་སད་པའི་དབུ་ཚུགས་པ་རེད་སྙམ་པའི་དགའ་བ་ཞིག་འཁོར་ནས་འོང་གིན་འདུག འདི་དང་འདི་འདྲའི་སྐྱ་སེར་མཉམ་ལས་ནི་ཧ་ཅང་གལ་ཆེན་རེད།

  སློབ་ཕྲུག་མང་ཆེ་བ་རང་ཉིད་འཚར་ལོངས་བྱུང་སའི་ཕ་ས་ཕ་ཡུལ་རྒྱབ་ཏུ་བཞག་པ་མ་ཟད། ཆེས་སྙིང་ཉེ་བའི་ཕ་མ་མིང་སྲིང་དང་ཡང་ཁ་བྲལ་ནས་ཡུལ་ནག་འདི་ན་ཁེར་རྐྱང་གིས་སློབ་སྦྱོང་བྱེད་གྱིན་པ་རྐྱང་རྐྱང་རེད་ལ། འཚོ་བ་སྐྱོ་ལ་སེམས་ངལ་དེ་ལས་ཀྱང་སྐྱོ།

     སྐབས་འདི་འདྲ་ཞིག་ལ་གདན་སའི་དགེ་བཤེས་དང་བླ་མ་ཚོས་མེད་ལ་ཡོད་བཏོད་ནས། སྐུ་འགྱེལ་ཐར་ཐོར་རེ་ཁབ་བསོག་འབིག་བསོག་བྱས་ནས་ཆེས་ཉམ་ཐག་གི་སློབ་ཕྲུག་ཚོ་ཟླ་བ་གཉིས་ཀྱི་རིང་གུང་གསེང་ལ་བླངས་ན་དེ་འོས་ཤིང་འཚམ་པ་ཞིག་རེད་ལ། སྙིང་དུ་སྡུག་པ་ཞིག་ཀྱང་རེད། ཡིན་ནའང༌། ན་ནིང་རྩོམ་པ་པོ་ཐེབས་ཆག་ཅིག་གིས་ད་ལྟའི་གྲྭ་ས་ནི་སློབ་ཕྲུག་བུ་དང་བུ་མོའི་གདན་ས་རེད་ཅེས་ཟུར་ཟ་བྱས་པ་ཞིག་ཀྱང་དྲན་གྱི་འདུག་པས་དེ་རིང་ང་དེ་ལ་འཚིག་པ་ཞིག་ཀྱང་ཟ་སོང༌། འདི་འདྲའི་ཕྱོགས་ནས་བྱེས་ཀྱི་བླ་མ་དགེ་བཤེས་ཚོ་ལ་ཡོན་ཏན་དང་གོམས་གཤིས་གཞིས་ཀྱི་བླ་མ་དང་དགེ་བཤེས་ཚོ་ལས་ཡག་པོ་ཡོད་མོད། ཚང་མས་ཤེས་ཐུབ་ཀྱིན་མེད་པས་ངས་ཟིན་བྲིས་ནང་ག་ལེར་འཇོག་རྒྱུ་ཡིན། སྐྱོན་ཡོན་གང་ཡིན་ཡང་ཚང་མས་གླེང་ཐུབ་ཀྱིན་མེད་པ་དེ་གླེང་དགོས་ཀི་འདུག དེ་གླེང་ན་མཚན་ཤས་བྱེད་ནི་མ་རེད་ལ་ཡར་རྒྱས་སུ་འགྲོ་ནི་རེད། ཡིན་ནའང༌། ངས་ལོ་ཤས་སྔོན་གདན་ས་འདི་ནས་ཚང་མས་མ་གླེང་བ་ཞིག་གླེང་བས། ཚང་མས་མ་མྱངས་པ་ཞིག་ངས་མྱངས་པ་རེད། དེའི་རྐྱེན་གྱིས་དེ་རིང་ཡང་སྟབས་གཟར་མོ་བྱས་ནས་མདོར་བསྡུས་ཤིག་ལས་གླེང་མེད།  ཧཧཧཧ་་་་་་