རྣམ་ཤེས།
གདུང་དབྱངས་ངུ་འབོད་ཀྱི་རྒྱང་གླུ།།
འདི་ན་ཉན་མཁན་ཞིག་མེད་ཀྱང༌།།
དེ་ན་གསན་མཁན་ཞིག་ཡོད་པས།།
སྨྲེ་ངག་དབྱངས་རྟ་འདི་ཕུལ་འདོད།།
ཡར་ཐོག་སྐལ་བཟང་གི་ཉིན་མོར།།
གངས་རིའི་དབུ་རྩེ་ནས་འབུད་པའི།།
གཡས་འཁྱིལ་དུང་དཀར་གྱི་སྒྲ་དབྱངས།།
བཀྲ་ཤིས་སྤྲིན་གསེབ་ནས་ལྡིར་མྱོང༌།།
ཕ་སའི་རི་རྩེ་ནས་འཐུལ་བའི།།
ལྷ་བསང་སྤྲིན་དཀར་གྱི་འདབ་མ།།
ཨ་སྔོན་གནམ་མཐོངས་སུ་ལྡིང་དུས།།
དགྲ་ལྷའི་དབུ་འཕངས་རང་མཐོ་སོང༌།།
མ་ཎིའི་དབྱངས་རྟ་ལ་བསྐྱོན་པའི།།
ཡིད་ཆེས་གསོལ་འདེབས་ཀྱི་གདུང་དབྱངས།།
མ་བཅོས་སེམས་ཁམས་ནས་གྱེས་པས།།
བདེ་ཆེན་དག་ཞིང་ལ་སྨོན་སོང༌།།
གངས་ལྷ་མེ་ཏོག་གི་ཞིང་ཁམས།།
རྫོགས་ལྡན་གར་སྟེགས་ལ་རྩེན་དུས།།
ཤར་མཐའི་སླུ་བྲིད་ཀྱི་སྨིག་སྒྱུས།།
རི་སྐྱེས་ཚེ་སྲོག་ལ་གཟན་སོང༌།།
ལས་རླུང་སྤྲིན་ནག་གི་བང་རིམ།།
རྨོངས་གཉིད་རྡོག་སྣེ་ལ་དཀྲི་དུས།།
ངུ་འབོད་ལོ་རྒྱུས་ཀྱི་རོལ་དབྱངས།།
ཉེར་དགུའི་སྨག་རུམ་དང་འདྲེས་སོང༌།།
དབང་ཕྱོགས་འདྲེ་སྲིན་གྱི་མེ་ལྕེ།།
གངས་ལྷའི་ཕང་པ་ལ་འབར་དུས།།
མིག་ཆུའི་སྐྱིད་སྡུག་གི་གཙང་ཆབ།།
ཕྱོགས་མཐའི་འཛམ་གླིང་ལ་གྱེར་སོང༌།།
ལངྐའི་དུར་ཁྲོད་ཀྱི་གནས་དེར།།
མའོ་སྲིན་མཆེ་བ་ཡི་ཀློང་དུ།།
དཔའ་བོ་སྟོང་ཕྲག་གི་གསོན་སྙིང༌།།
ནུབ་ཁའི་དགུང་ཟས་ལ་ཆས་སོང༌།།
དཔའ་བོའི་སྙིང་ཁྲག་གི་ལོ་རྒྱུས།།
གངས་འདབས་རྐང་རྗེས་ལ་ཕབ་དུས།།
གངས་རིའི་རྨོ་རྨོ་ཡི་ངུ་ཆུས།།
གངས་ཐང་ཁྲག་མཚོ་རུ་གྱུར་སོང༌།།
གངས་རིའི་ཚེ་སྲོག་གི་སྙིང་ནོར།།
རྣམ་ཤེས་བྱེའུ་ལ་རྫུས་ཏེ།།
ངེས་མེད་ལྷོ་མཐའ་རུ་གྱར་དུས།།
གངས་རིའི་ལས་དབང་དེ་སྐྱོ་བ།།
རི་སྤྱང་འདུར་རྒྱུག་གི་ངུར་སྒྲས།།
ཁ་ཆུ་བ་མོ་ཡི་རེག་པས།།
གངས་ལྷ་མེ་ཏོག་གི་འཛུམ་མདངས།།
ནམ་མཁའི་འཇའ་རིས་ལ་བསྟིམས་སོང༌།།
གཟིགས་དང་གཤིན་ཡུལ་གྱི་གྲོང་ཁྱེར།།
མི་ཡུལ་འཕོས་པ་དང་འདྲ་བའི།།
ཁྲིམས་སའི་བཙོན་ཁང་གི་བཤས་རར།།
བསམ་ན་བཟོད་ཐབས་ཤིག་ཨེ་འདུག།
གསོན་དང་ངུ་འབོད་ཀྱི་དམྱལ་ཁམས།།
བྱང་རྒྱུད་གངས་སུལ་དང་འདྲེས་པའི།།
ཁྲག་དང་མིག་ཆུ་ཡི་ནམ་ཟླ།།
ཐོས་ན་བཟོད་ཐབས་རང་ཨེ་འདུག།
དགྲ་སྡེའི་གཡེམ་དཀྲུག་གི་འོག་ནས།།
ཕ་སའི་སྤུན་མཆེད་ཀྱི་ནང་དམེ།།
མུ་གེ་བར་བསྐལ་གྱི་ལོ་རྒྱུས།།
དྲན་ན་བཟོད་ཐབས་རང་མི་འདུག།
ཉེར་དགུའི་མུན་སྨག་ལ་སུན་ནས།།
ཞོགས་ཀའི་ཉི་ཟེར་ལ་སྒུག་ཡོད།།
རྗེས་བརྩེ་དྲོ་སྐྱིད་ཀྱི་འོད་ཞགས།།
རྒྱ་མཚོའི་རྦ་རླབས་བཞིན་བསྲིངས་རོགས།།
ཐུགས་བསྐྱེད་ཏིང་འཛིན་གྱི་ཀློང་ནས།།
བདེན་ཚིག་རྣོ་ལྕགས་ཀྱི་ཐོག་ཆར།།
དགྲ་སྡེའི་ཐེའུ་རང་གི་མགོ་བོར།།
འཕེན་པའི་དུས་ཐོག་རང་སླེབས་འདུག།
འཇིགས་རུང་བཙོན་ཁང་འདིའི་དུར་སར།།
ཟུངས་ཁྲག་ས་གཞི་ལ་ཐིམས་ཀྱང༌།།
རེ་བའི་རྣམ་ཤེས་ཀྱི་ལྷག་མ།།
ཞུ་ཡིག་འདི་ཉིད་ལ་བསྟིམས་ཡོད།།
རྒྱལ་ས་ཧུབ་ལིར་༩༧།༡༠།༢༠ ཉིན་བྲིས།། ༢༠༠༡ ༼ནོར་འོད་༽ ཐོག་བཀོད།