ལྷོ་མཐའི་མི་ཚེ།
ངས་བཀྲིས་བརྒྱད་པ་ཁ་འདོན་བྱེད་བཞིན་གཞིས་གྲོང་དང་པོའི་མཆོད་རྟེན་དག་ལ་གཡས་སྐོར་ཞིག་བྱས་ནས་རིམ་བཞིན་ས་སྐྱ་དགོན་པའི་ཕྱོགས་སུ་བསྐྱོད། ཡངས་ཤིང་གཙང་བའི་སྤང་ཐང་ན་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་མེ་ཏོག་དང༌། ལྗོན་ཤིང་གི་ཁྲོད་དུ་ལུས་རྩལ་ཉུང་ཉུང་རེ་རྩེ་བཞིན་དགོན་པའི་མདུན་ཐང་དུ་འབྱོར། རླུང་བུ་དེ་འདྲའི་བསིལ་ཞིང་འཇམ་ལ། ས་གཞི་དེ་འདྲའི་དྭངས་ཤིང་གཙང༌། མེ་ཏོག་གི་དྲི་བསུང་ཧ་ཅང་ཞིམ་ལ་བྱ་དང་བྱེའུའི་སྐད་སྙན་ཇི་ལྟར་ཡིད་དུ་འོང་ཡང༌། ངའི་སེམས་པའི་མཁའ་དབྱིངས་ན་ཕ་ཡུལ་གངས་ལྗོངས་ཀྱི་མཛེས་པ་དྲན་ཞིང༌། ཕ་མའི་བྱམས་བརྩེ་ཡི་བདེ་སྐྱིད་དྲན། ངའི་དྲན་གདུང་གི་སེམས་པ་རླུང་བུ་དང་འགྲོགས་ནས་ཕ་ཡུལ་ནགས་ཕྲན་ཕྱུག་མོའི་རིམ་ཁུང་དུ་འཁྱིལ། ངས་ཕ་ལོའི་དབུ་སྐྲ་དཀར་པོ་ཉག་མ་རེ་རེ་དང༌། མ་ལོའི་དབྲལ་བའི་རྒས་གཉེར་རེ་རེ་ཡི་ཁྲོད་ན་ང་ལ་རེ་སྒུག་གི་དུང་བ་འཁྱིལ་ཡོད་པ་ཚོར། ངས་སྲིང་ཆུང་མ་གཉིས་ཀྱི་ཁྲ་གོར་གོར་ཀྱི་མིག་ཟུང་དང༌། གསལ་ལྷང་ལྷང་གི་དྲན་འཛིན་གྱི་ངོས་ན་ང་ལ་རེ་སྒུག་གི་མཚོ་མོ་བསྐྱིལ་ཡོད་པ་དྲན། ད་དུང་ངས་ཕ་ཡུལ་ནགས་ཕྲན་ཕྱུག་མོའི་མཛེས་ལྗོངས་ཀྱི་རི་ཀླུང་ཀུན་ཏུ། རྟ་ནོར་ལུག་ཁྱི་དང༌། ཆུ་བྲག་ནགས་གསུམ། རྩྭ་ཤིང་མེ་ཏོག་ཀུན་གྱིས་ང་ལ་རེ་སྒུག་གི་བརྩེ་བ་བསྐྱིལ་ཡོད་པ་ཤེས། འདི་ནི་ངའི་དེ་རིང་ཙམ་མིན་པར་ཉིན་རྟག་པར་ཉམས་སུ་མྱོང་བའི་ཞོགས་པའི་སེམས་ཚོར་ཀྱི་འཚོ་བ་ཞིག་ཡིན། འདི་ལྟར་ངས་ཕ་ཡུལ་དང་ཕ་མ་དྲན་ཐེངས་རེ་རེར་སྐྱོ་གདུང་གི་མཆི་མས་སེམས་པ་གསོ་བཞིན། ཤུགས་རིང་ཟབ་མོ་རེ་ཡིས་ལྷོ་མཐའི་མི་ཚེ་སྐྱེལ།
ཞོགས་པའི་འཇིག་རྟེན་ཉམས་རེ་དགའ།། བསིལ་རླུང་དྲི་བསུང་ཡིད་དུ་འོང༌།།
ཁེར་རྐྱང་སེམས་པས་ཕ་མ་འཚོལ།། དྲན་གདུང་སེམས་པ་མཆི་མས་བསྐྱིལ།།
ང་ཕ་ཡུལ་ལ་དུང་བས་ཕ་ཡུལ་གྱིས་ང་ལ་སྒུག། ང་ཕ་མ་ལ་བརྩེ་བས་ཕ་མ་ཡིས་ང་ལ་བྱམས།༌།
ང་ལྷོ་མཐའ་ལ་གྱར་བས་སེམས་པ་འདི་རླུང་གིས་གཏོར།། ང་དྲན་གདུང་དང་འགྲོགས་ནས་སེམས་པ་འདི་སྐྱོ་བས་ཤི།། ༢༠༠༨། ༨། ༡༤