རྨོག་རུ་དང་གདན་སའི་སྒྲིག་ཁྲིམས།

མི་ཞིག་གིས་བྱ་བ་གང་བྱས་ཀྱང་དཀའ་ངལ་ཡོད་པ་རེད། རེད་དེ་དཀའ་ངལ་ལ་གདོང་ལེན་དགོས་རྒྱུ་ནི་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་ཞིག་ལ་ངེས་པར་དགོས་པའི་ཆ་རྐྱེན་རེད། དེ་ལས་ཁག་འདོགས་བྱེད་ས་ཞིག་བྱུང་མ་ཐག་དེ་ལྟར་བྱེད་རྒྱུ་ག་ལ་ཡོད། ངས་འདི་ལྟར་བཤད་པ་རྨོག་རུས་རྙོག་གྲ་འདི་ལ་ཁག་བཞག་ནས་ལས་ཀ་མཚམས་བཞག་པ་ཞིག་རེད་ཟེར་གྱི་མེད་མོད། རྨོག་རུས་ནང་བསྟན་ཤེས་ཡོན་ལྷན་ཚོགས་གྲྭཚང་གི་སྒྲིག་འགལ་ཡིན་པ་ར་འཕྲོད་ནས་སྒོ་བརྒྱབ་པ་ཡིན་རྒྱུ་རེད། དེ་མིན་ན་རྨོག་རུས་དགེ་བསྐོས་ལ་ཕུལ་བའི་སྙན་ཞུའི་ནང་། ནང་བསྟན་ཤེས་ཡོན་ལྷན་ཚོགས་ལ་ལས་ཀ་བྱས་ཚེ་ཉེས་ཆད་སྒོར་༡༠༠༠སྤྲད་དགོས་པའི་གྲྭཚང་ གི་སྒྲིག་ཁྲིམས་དང་འགལ་བ་ར་འཕྲོད་བྱུང་ཚེ་སྒོ་རྒྱག་རྒྱུ་ཡིན་ཞེས་བྲིས་པ་ལྟར་སྒོ་རང་རྒྱག་བྱེད་དགོས་དོན་ག་ལ་ཡོད།  དེ་ལྟར་ཡིན་ན། དེ་ནི་ཁོང་གི་ཁས་བླང་པ་ལག་ལེན་བྱས་པ་ཞིག་ཡིན་པས་མི་འོས་པ་ཞིག་རེད་ཟེར་རྒྱུ་ག་ལ་ཡོད། རེད་དེ་འདི་ནི་སྤྱི་ཚོགས་ལ་གྱོང་ཉོས་པ་རེད། དགེ་བསྐོས་དང་རྨོག་རུ་གཉིས་ཆར་ཁས་བཟང་ཡང་གང་ཡང་ཐོབ་མེད་པ་དེ་རེད། དེ་བཞིན་གྲྭ་ཚང་གི་སྒྲིག་ཁྲིམས་ཡང་གཙང་མ་ཞིག་ཆགས་ཡོད་མེད་སུ་ཡིས་ཤེས། མ་གཞི་དགོན་པ་དང་གདན་ས་ཁག་གི་དགེ་འདུན་པ་སེམས་ཤུགས་ཡོད་མཁན་རྣམ་པ་ཚོས་ལྟག་བསམ་ཟོལ་མེད་ཀྱིས། ཁ་ཞེ་གཉིས་མེད་ཀྱིས་བོད་དོན་ཆེད་གང་འཇོན་གང་ཐོན་གྱིས་ཕྱག་ལས་གནང་གི་ཡོད་པ་རེད། རེད་དེ་ཁོང་རྣམ་པར་གཅིག་ན་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པ་དང་། གཉིས་ལ་ཆབ་སྲིད་དང་ལས་ཀའི་ཉམས་མྱོང་ཞན་པ། གསུམ་ལ་དགོན་པ་གྲྭ་ཚང་གི་སྒྲིག་ཁྲིམས་བཙན་དྲག་པས་དཀའ་ངལ་མང་པོ་ཡོད་པ་རེད། དགོན་པ་གྲྭ་ཚང་གི་དགེ་བསྐོས་རྣམ་པ་བོད་དོན་ལ་ཤ་མ་ཚ་བ་ག་ལ་ཡིན་མོད། ཁྲིམས་ཐག་རང་ཉིད་ཀྱིས་གང་འདོད་ལྟར་བྱེད་ཀྱི་མི་འདུག་གམ་བསྙམ་པའི་གནས་ཚུལ་མང་པོ་བྱུང་དང་འབྱུང་བཞིན་པ་རེད། འདི་ཚོ་གྲྭ་ས་ན་ཡོད་མཁན་ཞིག་ཡིན་ན་རྒྱུས་ཡོད་རེད། ལོ་སྔོན་མ་བོད་ནང་ཛ་དྲ་གནས་ཚུལ་བྱུང་སྐབས་གྲྭ་སའི་དགེ་འདུན་པ་དང་དགེ་བསྐོས་ཀྱི་བར་ལ་དཀའ་ངལ་མང་པོ་བྱུང་ཡོད་པ་རེད་ལ། དགེ་བསྐོས་ཁ་ཤས་ཀྱིས་རང་གཞུང་ཆོས་རིགས་ལས་ཁུང་ལ་རྒྱུད་སྐུལ་བྱས་པ་བརྒྱུད། ཆོས་རིགས་ལས་ཁུངས་ནས་བཀའ་རྒྱ་འདྲ་མིན་འབྱོར། བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱིས་སློབ་གསོ་གང་མང་བྱས་ནས་དགེ་བསྐོས་ཚོའི་རྒྱབ་ཤེད་ཆེ་རུ་ཕྱིན་པ་རེད། དེ་ནས་བཟུང་བོད་དོན་ལས་འགུལ་སྤེལ་སྐབས་སོགས་སུ་དགེ་འདུན་པ་དང་དགེ་བརྐོས་རྣམ་པའི་རྙོག་དྲ་མང་པོ་ལྷག་ཡོད་པ་རེད། སྤྱི་ཚོགས་སུ་གླེང་སློང་འདྲ་མིན་བྱུང་པ་རེད། འདི་ནི་དོན་དངོས་ཀྱི་ལས་ཀ་བྱེད་སྟངས་ཤིག་ཡིན་མིན་མི་ཤེས་མོད། གནས་ཚུལ་འདི་ཚོ་གདན་ས་ན་མེད་ཁན་ཞིག་ལ་མགོ་རྙོག་ཞིག་ཀྱང་རེད། གང་ལྟར་ད་ཐེངས་ཀྱི་རྨོག་རུའི་རྙོག་དྲ་ཡང་དེ་དང་འབྲེལ་བ་ཡོད་པ་ཟུར་བལྟས་ལེབ་མཐོང་རེད་བསྙམ། གདན་ས་ཁག་གི་སྒྲིག་ཁྲིམས་དེ་ཚོ་ཡང་མགོ་ནས་མཇུག་པར་དུ་ལྷག་ལུས་མེད་པར་ཕྱག་ལེན་བལྟར་གྱི་ཡོད་ན་ཧ་ཅང་ཡག་པོ་རེད། ང་ཚོ་བོད་པ་ཚང་ལ་དགོས་རྒྱུ་དེ་རེད། དེ་མིན་རང་ཉིད་ལ་ལས་སླ་ས་དང་། ཉེན་ཁ་མེད་ས། ཁེ་ཕན་ཡོད་ས། རང་ཉིད་མི་དགའ་ས་ལ་བེད་སྤྱོད་ཐུབ་པ་དེ་གོ་སྐབས་བྱུང་དུས་ལག་ལེན་བྱས། རང་རང་གི་སྣང་བར་གང་དྲན་འདོད་པར་གང་ཡོད་བྱས། དེ་མིན་དོན་དངོས་ཀྱི་གལ་འགང་ཆེ་བ། དཀའ་ཁག་ཡོད་ས་ནས་རི་བོང་རྡོ་བརྫུས་བྱས་བསྡད་ན་དཀའ་རྙོག་མང་པ་ལས་ཕན་ཐོག་མེད་པ་གསལ་པོ་རེད།

རྨོག་རུ་དང་གདན་སའི་སྒྲིག་ཁྲིམས།