ཀརྨ་པ་མཆོག་ཝཱ་ཎ་མཐོ་སློབ་དུ་ཆིབས་བསྒྱུར།

བོད་ཕྱི་ནང་གཉིས་སུ་ཡོད་པའི་གཞོན་སྐྱེས་རྣམས་ལ་ཕྱིའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཀྱིས་ཤུགས་རྐྱེན་ཐེབས་ནས་བོད་རང་ཉིད་ཀྱི་གནའ་བོའི་རིག་གཞུང་ཕྱུག་པོ་དང་གོམས་སྲོལ་བཟང་པོ་དང་བར་ཐག་རིང་དུ་འགྲོ་བཞིན་ཡོད་པས། ང་ཚོས་དེ་ཚོ་ལ་བསམ་གཞིགས་ཡག་པོ་བྱས་ནས་བོད་པའི་རིག་གཞུང་སོགས་ལ་བདག་གཉེར་བྱེད་དགོས་པ་མ་ཟད། སེམས་འཚབ་ཀྱི་སྒོ་ནས་འགན་འཁུར་དགོས་ཞེས་དང༌། བཙན་བྱོལ་ནང་ལ་གཙུག་ལག་སློབ་ཁང་གི་མཚན་བྱང་ཡོད་པའི་ཚོགས་སྡེ་མང་པོ་ཡོད་པ་རེད། ཡིན་ནའང་གཙུག་ལག་ཁང་འདི་རྒྱ་གར་དབུས་གཞུང་གི་ངོས་ལེན་ཡོད་པའི་གཙུག་སློབ་ཁང་ཞིག་ཡིན་པར་བརྟེན་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་དང་གལ་འགངས་ཆེན་པོ་ཆགས་ཡོད་པ་རེད་ཅེས་དང༌། ཁོང་གིས་མུ་མཐུད་གསུང་དོན། འཛིན་གྲྭ་ཚུགས་པ་དེ་རྒྱུན་ལྡན་གྱི་ལས་རིམ་ཞིག་ཏུ་མ་རྩིས་པར་དགེ་སློབ་གཉིས་ཀྱི་ངོས་ནས་རྩལ་བཏོན་ནས་གྲུབ་འབྲས་ཐོན་ཐབས་བྱེད་དགོས་པ་དང༌། ལྷག་པར་དུ་སྲོལ་རྒྱུན་ཤེས་ཡོན་གྱི་རྨང་གཞི་ཡག་པོ་ཡོད་པའི་ཐོག་ནས་དེང་རབས་ཀྱི་ཤེས་ཡོན་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང༌། ཡང་མཐོ་སློབ་འདིའི་ནང་བོད་ཀྱི་ཆོས་བརྒྱུད་ཆ་ཚང་གི་ལྟ་གྲུབ་གསན་བསམ་སློབ་གཉེར་བྱེད་པའི་གོ་སྐབས་བཟང་པོ་ཡོད་པ་དང༌། དེ་འདྲའི་གོ་སྐབས་ཤིག་ས་ཆ་གཞན་ལ་མེད་པས་སོ་སོས་གོ་སྐབས་དེ་གཅེས་སྤྲས་བྱས་ཏེ། སྔོན་གྱི་ལོ་རྒྱུས་ནང་བྱུང་བའི་ནོར་འཁྲུལ་དེ་ཚོར་གཞིར་བཞག་ནས་ཆོས་བརྒྱུད་ཕན་ཚུན་འཆམ་མཐུན་བྱེད་དགོས་པ་དང༌། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་བལྟས་པ་ཡིན་ནའང་དེ་དག་ཕན་ཚུན་འགལ་ཟླ་འགྲོ་བའི་གཞི་གང་ཡང་མེད་པས། ཕན་ཚུན་ལེགས་ཆ་བསྡུ་ལེན་བྱས་ཏེ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་ནན་པོ་གནང་ཡོད་པ་རེད།།
ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང༌།