ཨ་ལགས་འཇིགས་མེད་ཀྱི་སྐུ་ཚེའི་བྱུང་བ་བརྗོད་པ་ཆོས་སྲིད་གཏམ་གྱི་ཐེམ་སྐས།

ཟླ་འདིའི་ཚེས་༡༥ ཉིན་དྷ་ས་ཀིརྟི་གྲྭ་ཚང་གི་ཚོགས་ཁང་ནང་། <<བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེའི་སྐུ་ཚེའི་བྱུང་བ་བརྗོད་པ་ཆོས་སྲིད་གཏམ་གྱི་ཐེམ་སྐས་>>ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་རེད།

_MG_9791མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ། དེ་བཞིན་འབྲེལ་ཡོད་སེར་སྐྱ་མི་མང་མཉམ་ཞུགས་བྱས་ཡོད་པ་རེད།

རྩོམ་སྒྲིག་པ་རྡོ་རྗེ་དབང་ཕྱུག་གིས་དཔེ་དེབ་བྱུང་རིམ་སྐོར་ངོ་སྤྲོད་གནང་སྐབས། ཨ་ལགས་འཇིགས་མེད་སྐུ་མ་གྲོངས་གོང་ནས་ཁོང་ལ་ལོ་རྒྱུས་འབྲི་རྒྱུའི་འཆར་གཞི་ཡོད་པ་དང་། དེ་བཞིན་ཁོང་གིས་ལོ་རྒྱུས་གསུངས་པ་ཁག་ཅིག་སྒྲ་འཇུག་བྱས་རྗེས། ལོ་རྒྱུས་མ་ཚར་གོང་ནས་ཁོང་སྐུ་གྲོངས་པ་དང་། དེ་རྗེས་ཁོང་གི་ཉིན་ཐོ་ཁག་དང་། ཁོང་དང་འབྲེལ་ཡོད་མི་སྣ་དང་། ཡིག་ཆ་སོགས་ལ་ཁོངས་གཏུགས་ནས་བྲིས་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་།

ཀིརྟི་རིན་པོ་ཆེས་ཨ་ལགས་འཇིགས་མེད་ཁོང་གཉིས་བར་གྱི་འབྲེལ་བའི་སྐོར་དང་། ཁོང་གིས་བོད་དོན་ཆེད་ཕྱག་ལས་མང་པོ་གནང་ཡོད་སྐོར། དེ་བཞིན་ཨ་མདོ་མི་མང་གི་ཆེད་དུ་ཡང་ལས་དོན་སྣ་ཚོགས་གནང་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

_MG_9819དེབ་དེར་༧གོང་ས་མཆོག་གིས་གསུང་འཕྲིན་གནང་བའི་ནང་། “ཨ་ལགས་འཇིགས་མེད་དེ་ཉིད་ནས་སྤྱི་འཐུས་ཀྱི་ཚོགས་གཙོ་རྒན་གཞོན་དང་། སྤྱི་ཁྱབ་རྩིས་ཞིབ་ཀྱིི་འགན་འཛིན། བོད་ནང་ལྟ་སྐོར་སྐུ་ཚབ་ཚོགས་པའི་ཚོགས་གཞོན། བདེ་སྲུང་བཀའ་བློན་བཅས་བོད་ཀྱི་བསྟན་སྲིད་དང་འབྲེལ་བའི་གལ་ཆེའི་ལས་གནས་ཐོག་ཚོར་སྣང་སྐྱེེན་པོའི་སྒོ་ནས་འགན་ཁུར་བླངས་པར་མ་ཟད། ཕྱི་ནང་གང་སར་འབྲེལ་ལམ་ཡང་བྱེད་མཁས་པ་བཅས་གང་ཅི་ལྷག་བསམ་རྣམ་དག་ངལ་ཁུར་དང་ལེན་གྱིས་ཞབས་འདེགས་མཐའ་འཁྱོངས་ཞུས་པ་བཅས་ཀྱི་མི་རྒན་གྲས་ཤིག་ཡིན་”ཞེས་འཁོད་འདུག

སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་དེར་སྟོད་ཆ་དང་སྨད་ཆ་གཉིས་ཡོད་པ་དང་། དེའི་ནང་འཁྲུངས་ཡུལ་རེབ་གོང་གི་སྐོར་ངོ་སྤྲོད་དང་། སྐུ་རབས་སྔ་མ་རྣམས་ཀྱི་རྣམ་ཐར་སྙིང་བསྡུས། ཆུང་ངའི་སྐབས་ཀྱི་གནས་སྟངས་དང་འཁྲུངས་གཞིས་དཔོན་ཚང་གི་སྐོར། གྲྭ་ཚང་གི་གསེར་ཁྲིར་ཞུགས་པ་དང་། སློབ་གཉེར་སྐོར། སྐུ་ཚབ་གཟིགས་སྐོར་ཚོགས་ཆུང་བོད་དང་རྒྱ་ནག་ཏུ་བསྐྱོད་པའི་སྐོར། བདེ་སྲུང་བཀའ་བློན་དང་། བོད་གནས་ཉམས་ཞིབ་ཀྱི་འགན་འཛིན། སྤྱི་ཁྱབ་རྩིས་ཞིབ་ཁང་གི་འགན་འཛིན་སོགས་གཞུང་མང་སྲི་ཞུ་བསྒྲུབས་པའི་སྐོར། འབྲེལ་ཡོད་སྐུ་པར་བཅས་སོགས་འཁོད་འདུག །