amdopanda@yahoo.com

ད་དུང་འཇིགས་མེད་བསྟན་འཛིན་༼  གྲོངས་ཚར་ ༽ གསུམ་པོས་འདས་བོ་གསུམ་པོའི་བེམ་པོ་ལ་རས་ལྭ་གསུམ་གྲ་སྒྲིག་བྱས་ཏེ་རོ་སྒྲིལ་བྱས།  ཉིན་དེའི་ཕྱི་དྲོད་ས་མ་རིབ་གོང་ལ་རྔ་རྒོད་གྲོང་ཚོ་ནས་ཉེ་རིང་ཁ་ཤས་ཤིག་དང་ཐེ་འབའ་ནས་བན་འདེ་ཕྱུག་གི་ནང་མི་སོགས་སླེབས་ཏེ་བེམ་པོ་ནང་ལ་བསྐྱལ་སོང་།  འོན་ཀྱང་ཨ་མཆོག་སྟོད་མའི་ནང་མི་ས་དེར་སླེབས་དུས་ས་རིབ་ཚར་བ་དང་དགོང་མོ་དེར་ཁོང་ཚོའི་ཉེ་རིང་ཚོས་ནང་ལ་བསྐྱལ་སོང་ཟེར།  རྗེས་ནས་ད་དུང་ས་གནས་མང་ཚོགས་ཀྱི་ཁ་རྒྱུན་དུ་ཨ་མཆོག་སྟོད་མ་དེ་རྔ་རྒོད་སྤྲུལ་སྐུ་དང་མཉམ་དུ་རྣམ་ཤེས་བདེ་བ་ཅན་ལ་དྲངས་ཚར་བ་རེད།  ཐེ་འབའི་བན་འདེ་ཕྱུག་གདོན་འདྲེ་ལོག་ཚར་རེད་ཅེས་མི་སྙན་པའི་གཏམ་འཆལ་མང་པོ་ཞིག་ས་གནས་ཡོངས་ལ་ཁྱབ་འདུག་པ་དང་།  སྤྱིར་ཁོང་གསུམ་པོའི་རང་སྲོག་དང་མི་ཚེ་ཡི་མཐའ་མཇུག་གི་འབྲས་བུ་བོད་མི་རིགས་ཀྱི་སྐྱིད་སྡུག་དང་འབྲེལ་བ་བརྟན་པོར་ཡོད་པ་དང་།  དགྲ་བོའི་མེ་མདའི་ཁ་ནས་གྲོངས་ཚར་བའི་དཔའ་བོ་དེ་འདྲའི་རིགས་ལ་ངན་སྒྲོག་ཕྲ་མ་ཡི་ཤི་བོའི་བླ་སྲོག་ལ་ཚང་འདྲི་བྱས་ན་ཤིན་ཏུ་མི་འོས་བ་དང་།  མ་འོངས་གཞོན་ནུ་ཕོ་མོ་དག་གིས་ཐོས་ན་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་ཀྱང་ཡིན་པ་རེད།  འོན་ཀྱང་ང་ཚོའི་མི་རིགས་ལ་བྱམས་སེམས་དང་དྲང་བདེན་སྐྱོང་བར་དགའ་ན་ཡང་མི་ཤེས་ཤེས་མདོག་གི་ཀླད་སྙིང་མཁྲེགས་པོ་གཅིག་ཡོད་པ་འོ་སྐོལ་མི་རིགས་འདིའི་ཤེས་ཡོན་སློབ་སྦྱོང་མ་བྱས་བའི་བསམ་བློའི་རྗེས་ལུས་ཀྱི་རྐྱེན་ཆེན་པོ་གཅིག་ཡིན་པ་མངོན་གསལ་རེད།  སེམས་ལ་གང་ཤར་ཁ་ནས་ཐོན་རྒྱུ་ཞིག་གཏན་ནས་མིན་པ་དང་།  བཤད་དགོས་རྒྱུ་གཅིག་དང་གཡུག་དགོས་རྒྱུ་གཅིག་ཡོད་པའམ་དེ་ལ་རྒྱུད་རིམ་ཡོད་པའི་སྒོ་ནས་སོང་ན་རང་གཞན་ཚང་མ་ལ་ཕན་པ་མ་ཟད་ཐ་ན་སོ་སོའི་ཚིག་ལ་ཡང་འགན་འཁུར་ཐུབ་པ་སྨྲོས་མེད་རེད། 

                   སྤྱི་ལོ་ ༡༩༦༤  ལོའི་ཟླ་ ༠༥ བར་ས་གནས་ཐོན་སྐྱེད་རུ་ཁག་གི་ལས་འགོས་ཧ་ཅང་ཆེ་བ་དང་།  ལོ་དེར་ཆར་ཆུ་ཡང་ཤིན་ཏུ་དཀོན་པའི་ལོ་ཞིག་རེད།  ངའི་ཁྱིམ་ཚང་ལ་མཚོན་ན་བུ་དང་བུ་མོ་དྲུག་སྐྱེས་ཡོད་པས་ཉིན་རེའི་འཚོ་བའི་དཀའ་ངལ་ཧ་ཅང་ཆེན་པོ་རེད།  འོན་ཀྱང་སྐབས་དེའི་འཚོ་བའི་དཀའ་ངལ་ངའི་ཁྱིམ་ཚང་གཅིག་པོ་མིན་པ་དང་ཕ་འཛོམས་མ་འཛོམས་ཀྱི་མདོ་སྨད་སྤྱི་ཡོངས་ཀྱི་སྐྱིད་སྡུག་འདྲ་མཉམ་ཡིན་པ་མ་ཟད།  བོད་ཆོལ་ཁག་གསུམ་ལའང་དཀའ་ངལ་མི་བཟོད་པ་ཞིག་མགོ་ཐོག་ཏུ་ལྷུང་ཡོད་པ་གསལ་བོ་རེད།  དེའི་སྐབས་ཀྱི་མི་ཚེ་དེ་ཁོངས་འཁྱོལ་མི་འཁྱོལ་གཅིག་བྱས་ནས་ནང་གི་རྒན་མགོ་དང་བྱིས་པའི་འཚོ་བ་སྐྱོངས་ཐབས་ཤིག་བྱས་པ་ཡིན།  ལོ་དེའི་དབྱར་ཁའི་སྟོན་ཐོག་བསྡུ་ལེན་མ་བྱས་པའི་སྔོན་ཏག་ཏག་ལ་ཕ་རྒན་དང་ཁོའི་གྲོགས་པོ་བཀྲ་ཤིས་རྒྱ་མཚོ་གཉིས་འབྲོག་ཕྱོགས་ལ་ཞོར་ལས་ལ་ཕྱིན་ཡོད་པ་དང་།  རྨ་ཆུའི་དངུལ་རྭའི་འབྲོག་ཁྱིམ་ཞིག་ནས་ཟླ་བ་གསུམ་ཙམ་ལ་ཀོ་བ་མཉེས་བའི་ཀོ་བཟོའི་ལས་ཀ་བྱས་ཏེ་འབྲོག་ཁྱིམ་དེ་ཚང་ནས་གླ་ཆ་ལག་དངུལ་མ་རག་པར་རྟ་རྒན་གཅིག་ཁོ་གཉིས་ཀྱི་གླ་ཆ་རུ་རྩིས་རྒྱབ་སྟེ་ནང་དུ་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པ་རེད།  གནས་ཚུལ་ཚབས་ཆེན་གང་ཡང་མིན་པ་དང་།  ལོ་དེའི་སྟོན་ཐོག་བསྡུ་ལེན་གྱི་ལས་བགོས་འགྲུབ་མ་ཐུབ་ཚེ་ངལ་རྩོལ་བྱས་པའི་གྲུབ་འབྲས་བགོ་བཤའ་རྒྱག་རྒྱུ་ཡིན་པ་དང་།  ལས་བགོས་དེའི་རྗེས་ཟིན་ཅི་ཐུབ་བྱས་ཏེ་ཁོ་གཉིས་ཀྱིས་རྟ་རྒན་དེ་བཞོན་ནས་ལ་བརྒྱབ་ལུང་བརྒྱབ་བྱས་ཏེ་ནང་དུ་ལོག  འོན་ཀྱང་མ་བསམ་ས་ནས་སྟོན་ཐོག་བསྡུ་ལེན་གྱི་ལས་འགོ་བཙུགས་ཡོད་པ་མ་ཟད་སྟོན་ཐོག་ཀྱང་བྲེག་ཚར་གྲབས་ཡོད་པ་དང་།  ཞོགས་པའི་ཆུ་ཚོད་བཅུ་བ་ཡས་མས་ཤིག་ལ་གྲོང་ཚོའི་མར་འགྲམ་གྱི་ལུང་པ་ཁུག་ཀྱོག་དེའི་ལ་ཁར་མ་སླེབས་ཙམ་ལ་ཐོན་སྐྱེད་རུ་ཁག་གི་འགོ་བ་ཁ་ཤས་ཤིག་གིས་ཁོ་གཉིས་ཉིན་དེའི་ཞོགས་པར་ནང་དུ་ལོག་བཞིན་ཡོད་པ་ཚོར་ནས་ལ་ཁ་དེ་ན་ཁོ་གཉིས་འཛིན་བཟུང་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ་ཡིབ་སྡོད་བྱས་འདུག  ཁོ་ཚོས་ངའི་གཉིས་ཀྱི་རྟ་རྒན་དེ་ལག་ནས་ལངས་ཏེ་རྒྱ་ཐག་ཕྲ་མོ་ཞིག་གིས་རྒྱབ་ལག་བྱས་ཏེ་བརྟན་པོར་གཅིག་གདམས་ནས་ཐོན་སྐྱེད་རུ་ཁག་གི་ར་སྐོར་ནང་དུ་ཁང་ཆུང་གཅིག་ཡོད་པ་དེའི་ནང་དུ་བཅུག་སོང་།  དགོང་མོར་དེར་ཁང་ཆུང་དེའི་ནང་དུ་བཅུག་སྟེ་ཟ་འཐུང་ཁམ་གང་མེད་པར་མཚན་མོ་དེར་འདར་ཤིག་ཤིག་གི་ངང་ནས་ནམ་ལངས་སོང་།