amdopanda@yahoo.com
དེ་དང་ཆབས་ཅིག་ང་ནང་དུ་སླེབས་མ་ཐག་ཏུ་ཆུང་མ་དང་ནང་མི་ཚང་མས་སྒུག་ནས་ཡིད་རིང་འགོར་ཡོད་པ་མ་ཟད་སེམས་འཕྲུལ་ཧ་ཅང་ཆེན་པོ་བྱས་ཡོད་པ་དང་། སྐབས་དེའི་དུས་ཚོད་དེ་ལ་རང་ཉིད་རང་གིས་སྐྱོབ་རྒྱུ་མ་གཏོགས་གཞན་པ་སུ་གཅིག་གིས་ཀྱང་སྐྱོབ་ཐབས་བྲལ་བ་དང་། ཕྱི་ཉིན་ཞོགས་པ་སྔ་བོར་ཐོན་སྐྱེད་རུ་ཁག་གིས་ལས་བགོས་བྱས་བའི་འགན་འཁུར་དེ་ལས་འགོ་བརྩམས་པ་ཡིན། ཞོགས་པའི་ཆུ་ཚོད་བཞི་པ་ནས་མལ་ནས་ལངས་ཏེ་སྟོན་ཐོག་རྡུང་བྱེད་ཀྱི་གློག་གཏོང་འཕྲུལ་འཁོར་དེའི་ནང་དུ་ཆུ་ཚ་བོ་བཟོས་ཏེ་འཕྲུལ་འཁོར་བསྐོར་དགོས་པ་དང་། སྤྱིར་བཏང་ཞོགས་པ་མལ་ནས་ལངས་དགོས་པ་དེ་དཀལ་ངལ་དེ་ཙམ་མེད་ནའང་སྟོན་ཀའི་གནམ་གཤིས་ཧ་ཅང་གྲང་མོ་ཡིན་པ་དང་། ཞོགས་པ་གྲང་ནས་འདར་སིག་རྒྱག་པ་མ་ཟད་ཐ་ན་གོན་པ་ཐུག་པོ་གཅིག་སྐྱོན་བསམ་རུང་གོན་པ་ཡང་མེད་པར་ལོ་དེའི་སྟོན་ཐོག་དེ་ལོ་ལྔ་ཡི་སྟོན་ཐོག་བསྡུ་བཞིན་པའི་སྣང་བ་ཤར་སོང་། ད་དུང་ཐོན་སྐྱེད་རུ་ཁག་གི་འགོ་འཁྲིད་དེ་ཚོས་ནམ་རྒྱུན་སྐད་སྡུག་བཏང་སྟེ་མིག་ཟུར་གྱིས་མ་གཏོགས་མི་བལྟ། དེ་འདྲའི་དཀའ་ངལ་གཅིག་མགོ་ཐོག་ཏུ་ལྷུང་བའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་པ་རེད། གུང་ཁྲན་ཏང་གི་སྒྲིག་ཁྲིམས་སམ་ཡང་ན་མི་ཁ་ཤས་ཤིག་གིས་བཟོས་བའི་གཡོ་ཇུས་རེད། ད་དུང་ཁ་ཡག་བཤད་ནས་མང་ལས་མང་ཐོབ་དང་ཉུང་ལས་ཉུང་ཐོབ་ཡིན་ཞེས་མང་ཚོགས་བར་ལ་འགྲན་བསྡུར་གྱི་ཆུ་བཏབ་ནས་ནང་དུ་ཕྲུ་གུ་མང་བའི་ཁྱིམ་ཚང་དེ་ཚོའི་རིགས་ལ་དཀའ་ངལ་ཧ་ཅང་མི་ཉུང་བ་གཅིག་མགོ་ལ་ལྷུང་བ་རེད། ངའི་མི་ཚེ་འདིའི་ནང་ནས་གུང་ཁྲན་ཏང་ལ་དགའ་མི་དགའ་བའི་གནས་ཚུལ་ཙམ་མིན་པ་དང་། ང་རང་མི་ཚད་ལ་ཕྱིན་པ་ནས་བཟུང་ཏང་གི་བཀའ་དྲིན་ཡིན་ཞེས་བའི་རོགས་སྐྱོར་གཅིག་ཐོབ་མྱོང་རང་མེད། ཏང་གིས་མང་ཚོགས་ལ་སུན་པོ་རྐྱང་བཟོས་ནས་རྒན་འགོ་དེ་ཚོའི་མི་ཚེ་མཐའ་ལ་བསྐྱལ་བ་རེད།
སྟོན་ལོ་སེར་པོར་རླུང་འཚུབ་ཀྱིས་སྦུར་མ་ཁྱེར་བ་ལྟར་གར་འགྲོ་འདིར་འགྲོ་མེད་པའི་དུས་ཚིགས་དེ་གཞི་ནས་མཇུག་རྫོགས་པ་དང་། ས་གཞི་ཐམས་ཅད་འཁྱགས་བག་གིས་འཛིན་འགོ་བརྩམས། རྒན་མགོའི་རྒྱབ་ན་དྲོན་པོའི་ལྭ་བ་མེད། བྱིས་པའི་ཁ་ལ་ཟ་རྒྱུའི་རྩམ་པ་མེད། ད་དུང་ཐབ་ལ་མེ་གཏོང་མི་ཆོག་པ་དང་། དགུན་ཟླ་བཅུ་པའི་ཟླ་མགོ་མ་ཚེས་བར་དུ་ཐོན་སྐྱེད་རུ་ཁག་གི་བགོ་བཤའ་ཀྱང་ཐོབ་རྒྱུ་མེད་པས་མང་ཚོགས་ཚང་མས་བྱ་རས་གནམ་ལ་བལྟ་བ་ཞེས་པའི་ཁ་དཔེ་ལྟར་ཉི་མ་དེ་ལ་སྒུག་སྡོད་བྱས་ནས་ཡོད། གུང་ཁྲན་ཏང་གིས་བཤད་པའི་མང་ལས་མང་ཐོབ་དང་ཉུང་ལས་ཉུང་ཐོབ་ཞེས་པའི་སྐད་ཆ་དེ་ངས་གཞི་ནས་ཚོར་སོང་། གང་ཡིན་ཞེས་ན་སྐབས་དེ་དུས་ཐོན་སྐྱེད་རུ་ཁག་གི་ནང་དུ་ལས་ཀ་བྱེད་བཞིན་པའི་མི་ངན་དེ་ཚོ་མང་ཆེ་བ་ས་གནས་རང་གི་མགོ་བདེ་དྲན་འཕྲུལ་ཅན་རྐྱང་ཡིན་པ་དང་། ཁོ་ཚོའི་བཟའ་ཚང་དང་ནང་མིས་དབྱར་དགུན་སྟོན་དཔྱིད་གསུམ་པོའི་རིང་དུ་ལས་ཀ་སྤུ་ཙམ་ཡང་མེད་པ་མ་ཟད་ཐ་ན་ཚིག་ངན་བཤད་མཁན་གཅིག་ཀྱང་མེད། མང་ཚོགས་དཀྱུས་མ་དང་མཉམ་ཆུང་དབུལ་བོ་ཁ་ཤས་ནས་ལས་ཀ་ལ་ཧུར་བརྩོན་བྱས་ཏེ་ཁྲག་རྣག་གི་རྨ་ཁ་ཡོད་ནའང་ད་དུང་སྡིག་སྐད་རྐྱང་མ་གཏོགས་བཤད་རྒྱུ་མེད། འདི་འདྲའི་རིགས་ལ་མང་ལས་མང་ཐོབ་དང་ཉུང་ལས་ཉུང་ཐོབ་ཟེར་ན་དངོས་ནས་འཇིག་རྟེན་རྒྱུ་འབྲས་ལྟ་བ་ལོག་པ་ཞིག་མིན་པ་དང་སྐབས་དེ་དུས་ཀྱི་མི་ངན་ཁ་ཤས་ཤིག་གི་ཀླད་པར་གདོན་འདྲེ་ཡི་རྣམ་ཤེས་ཞུགས་ནས་ནང་ཁུལ་ལ་སུན་པོ་བཟོས་བ་རྐྱང་རེད། ལོ་དེའི་དགུན་ཁར་ཐོན་སྐྱེད་རུ་ཁག་གི་འགོ་འཁྲིད་ཚོས་མང་ལས་མང་ཐོབ་དང་ཉུང་ལས་ཉུང་ཐོབ་ཀྱི་བགོ་བཤའ་རྒྱབ་པ་རེད། ང་རང་ལ་ཚོན་ན་ལོ་དེའི་དབྱར་མཇུག་ལ་རྨ་ཆུའི་དངུལ་རྭར་ཞོར་ལས་ལ་ཕྱིན་པའི་གནད་དོན་དེ་ནག་ཉེས་ཆེན་པོ་གཅིག་ལ་རྩིས་ནས་བགོ་བཤའ་ཐོབ་རྒྱུ་ཕར་ཞོག་ད་དུང་ལས་ཀ་མི་ཉུང་བ་ཞིག་གི་ཆད་པ་མགོ་ལ་བཞག་ནས་བུ་ཕྲུག་དང་བཟའ་ཟླ་ཚང་མའི་མདུན་ལ་ལག་སྟོང་བྱས་ནས་ནང་དུ་ལོག་པ་ཡིན། ཤ་ལས་ཆེད་པའི་བུ་ཕྲུག་ཚོ་དམིགས་བསལ་གྱི་མར་དང་ཤ་ཟ་རྒྱུ་མེད་ནའང་གནམ་ལོ་གསར་བར་སོ་སོས་འབྱོན་ཚད་གཅིག་བུ་ཕྲུག་ཚོ་ལ་གྲ་སྒྲིག་བྱ་དགོས་པ་དང་། ངས་དོན་དག་ཆུང་ཆུང་འདི་འདྲ་ཞིག་ཀྱང་སྒྲུབ་མ་ཐུབ་པར་ལོ་དེའི་དགུན་ཁའི་ལོ་གསར་སྔོན་ལ་རང་ཤི་རྒྱག་དགོ་བསམ་པའི་སྣང་བ་གཅིག་ཀྱང་ཤར་སོང་། འོན་ཀྱང་རྗེས་མ་བུ་ཕྲུག་ཚོ་བསམ་ན་སེམས་ཐག་རྩ་ནས་ཆོད་ཀྱི་མི་འདུག བཟའ་ཟླའི་ནང་མི་ཚོ་ཡོང་ནས་ཁོ་ཚོས་རྩམ་པ་དང་ཞོ་ཁོག་གཅིག་གཉིས་ཁྱེར་ཏེ་ངའི་བུ་ཕྲུག་ཚོར་བལྟ་རུ་སླེབས་སོང་། འོན་ཀྱང་བུ་ཕྲུག་མང་དྲགས་ནས་ལྟོགས་མུག་སེལ་རྒྱུ་ཁག་པོ་ཡིན་པ་དང་ཡིན་ན་ཡང་ཉི་མ་ཁ་ཤས་ཤིག་འགྲོ་ཐུབ་པ་དང་། དེ་ནས་ཡང་བསྐྱར་ཐབས་ཤེས་ཤིག་མི་བྱེད་དཀའ་མེད་རེད། སྤྱིར་སྐབས་དེའི་གནས་ཚུལ་ཚང་མ་ལྟོགས་རྔམ་གྱིས་གཞན་ནོར་རྐུས་བ་མ་གཏོགས་རྐུ་བསམ་སྐྱེ་བ་གཏན་ནས་མ་རེད།