amdopanda@yahoo.com
སྤྱི་ལོ་ ༡༩༨༣ ལོའི་དགུན་ཐོག་ང་རང་ལོ་བཅུ་རེད། སྐབས་དེར་གཅེན་པོ་ཆེ་བ་དང་སྲུ་མོ་སྙིང་དགའ། ད་དུང་ངའི་ཨ་མ། སྲིང་མོ་འབྲུག་མོ་འཚོ་བཅས་མ་གཏོགས་ནང་མི་མང་ཆེ་བ་ལྷ་སར་གནས་བསྐོར་ལ་ཕྱིན་པ་རེད། ཨ་མས་སྲིང་མོ་དང་ང་གཉིས་ཁྲིད་ནས་ཕྱུགས་ལས་བྱེད་བཞིན་ཡོད་པ་དང་། ཕྱུགས་ལས་བྱེད་ས་རུ་ཨ་མ་དང་ང་ཚོ་གསུམ་མ་གཏོགས་མེད། ལོ་དེའི་དགུན་ཁར་གྲང་ངར་ཤིན་ཏུ་ཆེ་བ་དང་ཕྱུགས་ལས་ནང་ནས་ཞོགས་པ་ནམ་རྒྱུན་ནང་དུ་ཡོང་སྐབས་ངའི་རྐང་མགོ་ན་ལྷམ་དྲོན་པོ་ཞིག་ཀྱང་མེད་པར་ཨ་མས་སེམས་འཁུར་ཧ་ཅང་བྱེད་ཀྱི་ཡོད་མོད་ཡིན་ཡང་ཨ་མའི་ལག་ན་སྒོར་རྡོག་གཅིག་ཀྱང་མེད་པ་མ་ཟད་ཐབས་ཤེས་གང་འདྲ་བྱས་ཀྱང་ཨ་མས་ང་ལ་ལྷམ་དྲོན་པོ་གཅིག་ཉོ་ཐབས་མེད། ཞོགས་པ་ནམ་རྒྱུན་ཕྱུགས་ལས་ནང་ནས་ལས་ཀ་རྫོགས་ཚར་རྗེས་ནང་དུ་ཡོང་གི་ཡོད། ཨ་མ་དང་ང་ཚོ་གསུམ་པོ་གྲོང་ཚོའི་གཡོན་ངོས་ཀྱི་གདོང་ཟུར་ཞིག་ཡོད་པ་དེའི་མིང་ལ་གཞོང་བ་ལུང་ཟེར་པ་དང་། ས་དེར་གྲོང་ཚོའི་མནའ་མ་དང་བུ་མོ་ཚོས་ཞོགས་པ་སྔ་བོར་ལྕི་བ་རྒྱབ་ལ་འཁུར་ནས་དེར་ཉི་མར་སྐམ་སྲོལ་ཡོད། ང་ཚོ་གསུམ་པོ་ཞོགས་པ་ནམ་རྒྱུན་དེར་སླེབས་དུས་སྲུ་མོ་སྙིང་དགས་ལྕི་བ་སླེ་བོ་གང་རྒྱབ་ལ་འཁུར་ནས་ས་དེར་སྐམ་གྱི་ཡོད་པ་རེད། དེ་ནས་ཨ་མ་དང་ང་ཚོ་བཞི་པོ་མཉམ་དུ་ནང་ལ་སོང་པ་ཡིན། ནང་ལ་སྲུ་མོ་༼ ཨ་ཅེ ༽སྙིང་དགས་ཞོགས་ཇ་གྲ་སྒྲིག་བྱས་ཡོད་པ་དང་། སྐབས་དེར་ནང་གི་འཚོ་བའི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད། ཟ་འཐུང་གི་ཕྱོགས་ནས་དམིགས་བསལ་ཅི་ཡང་མེད་མོད་ཇ་ནག་པོ་ཞིག་བཀོལ་ནས་རྩམ་པ་མཉམ་དུ་ཞོ་ཁོག་ཟ་རྒྱུ་ཡོད་ན་དེ་ལས་ལྷག་མེད། མཚམས་རེར་ཨ་མས་སྲིང་མོ་དང་ང་གཉིས་ལ་ཕྱུགས་ལས་ནང་ནས་དམིགས་བསལ་གྱིས་མར་གྱི་རྩམ་པ་རེར་བརྫིས་ནས་ལག་ཏུ་འཇོག་སྲོལ་ཡོད་པ་དེ་ཆེས་རིན་ཐང་བྲལ་བའི་ཁ་ཟས་ཤིག་ཡིན།