amdopanda@yahoo.com
དུས་སྐབས་དེར་མདོ་སྨད་ཀྱི་ས་ཆ་གང་སར་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ཏེ་གསོད་རྒྱུ་བསད། འཛིན་རྒྱུ་བཟུང་ནས་ཤུལ་ན་བྱིས་པ་དང་རྒན་མགོ་མ་གཏོགས་ལྷག་མེད་པའི་ཆེས་ཛ་དྲག་གི་སྐབས་དང་འཁེལ་ཡོད་པས། རྒྱ་དམག་དང་ས་གནས་ཐོན་སྐྱེད་རུ་ཁག་གི་གཏེ་པོ་དེ་ཚོས་རྔ་རྒོད་སྤྲུལ་སྐུ་ལ་མ་ཉེས་ཁག་གཡོགས་བྱས་ཏེ་འཛིན་བཟུང་བྱས་པ་དང་། ད་དུང་ཞང་སོ་སོའི་ཐོན་སྐྱེད་རུ་ཁག་མང་པོ་མཉམ་དུ་བསྡུ་རུབ་བྱས་ནས་ཚོགས་འདུ་འཚོགས། ཚོགས་ཐོག་ནས་རྔ་རྒོད་སྤྲུལ་སྐུ་འདིས་ཕྱི་རྒྱལ་ཁབ་ལ་འབྲེལ་བ་བཙུགས་ནས་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་བཞིན་པ་དང་། མི་རིགས་མཐུན་སྒྲིལ་ལ་འགལ་བ་བྱས་ཏེ་ད་ལྟ་ནག་ཉེས་ཆེན་པོ་བཟོས་ཡོད་པས་ཐུང་མྱུར་དུ་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་གསར་བསྒྲགས་བྱས།