ཞི་བདེའི་ཁ་གཡང་འོག་གི་དྲག་སྤྱོད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༡ ཕྱི་ལོ་ ༢༠༡༤/༡༢/༡༧
ཕྱི་ཟླ་༡༢ པའི་ཚེས་༡༠ ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་གཏན་འཁེལ་བྱས་ཡོད་པ་དང། འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱང་ཉིན་འདིར་བྱེད་བཞིན་ཡོད་པ་རེད། ལྷག་པར་བོད་པ་རྣམས་ཀྱི་ངོས་ནས་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པ་ནས་བཟུང་ལོ་ལྟར་དུས་དྲན་འདི་ཉིད་གཞུང་འབྲེལ་སྒེར་གྱི་ཚོགས་པ་ཁག་བཅས་ཀྱི་ངོས་ནས་སྲུང་བརྩི་ཞུ་བཞིན་ཡོད། བོད་མི་རིགས་ལ་མཚོན་ན་ཉིན་མོ་འདི་ནི་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འོད་སྟོང་ལྡན་པ་ཞིག་ཏུ་གྱུར་ཡོད་ལ། རྒྱལ་སྤྱིའི་ཐོག་ནས་༧གོང་ས་མཆོག་གི་དགོངས་གཞི་དང་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་ངོས་འཛིན་གསལ་པོ་བྱས་པ་ཞིག་ཏུ་བརྩི་ཆོག དེར་བརྟེན་མ་འོངས་པར་ཡང་བུ་རབས་ཚ་བརྒྱུད་ལ་ཉིན་མོ་འདི་གལ་ཆེའི་རང་བཞིན་ཅན་གྱི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་དགོས་ངེས་རེད། འོན་ཀྱང་རྒྱལ་སྤྱིའི་སྟེང་གི་འཚེ་མེད་ཞི་བདེ་ཞེས་པ་ནི་ཁ་གཡང་ཙམ་ལས་དོན་དུ་ལག་བསྟར་བྱེད་དགོས་པའི་ལྟ་གྲུབ་ཅིག་ལ་ངོས་འཛིན་ཕལ་ཆེལ་བྱེད་ཀྱི་མེད་པ་ལྟ་བུར་གྱུར་ཡོད།
སྤྱིར་ནང་པའི་ཆོས་ཀྱི་ངོས་ནས་བཤད་ཀྱང་བསྟན་པ་དང་འགྲོ་བའི་དོན་དུ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་རྩོམ་པའི་སྲོལ་ཡོད་པ་དང། དམིགས་ཡུལ་དང་བྱེད་ཐབས་མི་འདྲ་ཡང་དེང་དུས་འཛམ་གླིང་གི་ཁྱོན་འདིར་རྒྱལ་ཁབ་འཛིན་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ལས་བཞི་པོ་འདི་དག་ནི་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། བོད་པའི་ངོས་ནས་འཚེ་མེད་ཞི་བ་ཁོ་ན་ལས་ཐབས་ཤེས་གཞན་གང་ཡང་བྱེད་རྒྱུ་མིན་པ་དང། ཐབས་ཤེས་གཞན་བྱེད་མཁན་དག་ཀྱང་ནང་པའི་གཞུང་ལུགས་དང་མི་མཐུན་པ་མ་ཟད། གཞུང་འབྲེལ་སྲིད་བྱུས་དང་མི་མཐུན་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པ་ལ་སོགས་པའི་འགྲེལ་བརྗོད་སྣ་ཚོགས་བརྒྱབ་ནས་ནུས་མེད་དུ་གཏོང་གང་ཐུབ་བྱེད་བཞིན་ཡོད། དེར་བརྟེན་རྒྱ་གཞུང་གི་ངོས་ནས་ཀྱང་བོད་ནང་དུ་ལས་འགུལ་སྤེལ་མཁན་དག་དྲག་སྤྱོད་པ་ཡིན་ཚུལ་ནན་གྱིས་བརྗོད་པ་དང། འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་བེད་སྤྱོད་བྱེད་མཁན་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ཚུལ་བརྗོད་བཞིན་ཡོད།
བོད་པས་རྒྱ་གཞུང་ལ་མཉམ་གནས་བྱ་རྒྱུ་ལས་ཁ་བྲལ་བྱེད་འདོད་མེད་པའི་བསམ་ཚུལ་ཡིག་ཐོག་ནས་སྤྲད་ཟིན་ཀྱང། ད་དུང་ཁ་བྲལ་བ་ཡིན་ཚུལ་སོགས་ནན་གྱིས་བརྗོད་བཞིན་ཡོད། དོན་དུ་བཙན་བྱོལ་ནང་ནས་དོ་སྣང་བྱེད་བཞིན་པའི་དམིགས་ཡུལ་དང་ལངས་ཕྱོགས་ཀྱི་ལྡོག་ཕྱོགས་ནས་སྐྱོན་འཛུགས་བྱེད་རྒྱུ་དེ་རྒྱ་གཞུང་གི་བྱེད་ཐབས་ཡིན་ལ། གལ་སྲིད་བོད་པའི་ངོས་ནས་བོད་རྒྱ་ནག་དང་ཁ་འབྲལ་རྒྱུ་ཡིན་པའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་ན་ཁ་བྲལ་བ་རེད་ཅེས་པའི་སྐྱོན་བརྗོད་འདི་ཉིད་སླེབས་ཐབས་མེད་པ་དང། འཚེ་མེད་ཞི་བ་ཁོ་ན་ཡིན་པའི་འབོད་ཚིག་དེ་གཙོར་འཛིན་བྱས་མེད་ན་དྲག་སྤྱོད་པ་རེད་ཅེས་པའི་སྐྱོན་འཛུགས་འདི་ཉིད་ལའང་ནུས་པ་གང་ཡང་མེད། བོད་ནང་གི་ལས་འགུལ་ཁག་གི་ངོ་བོ་དང་བྱེད་ལས་དེ་ཚོ་བོད་ནང་གི་ལས་འགུལ་བ་དེ་དག་ཁོ་ན་ལས། བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཁོ་ན་དང་མཐུན་པའི་འགྲེལ་བཤད་བརྒྱབ་པར་རིན་ཐང་ཡང་ཏིལ་འབྲུ་ཙམ་ཡང་མཐོང་དཀའ་བར་གྱུར་ཡོད།
གལ་སྲིད་རྒྱལ་སྤྱིའི་རྒྱབ་སྐྱོར་རག་ཐབས་ཀྱི་ཆེད་དུ་བཙན་བྱོལ་ནང་གི་ལས་འགུལ་ཁག་ལྟ་ཅི། བོད་ནང་ནས་བོད་མི་ལྷག་བསམ་ཅན་རྣམས་ཀྱིས་ལས་འགུལ་སྤེལ་བ་ཁག་ཀྱང་འཚེ་མེད་ཞི་བ་ཞེས་པའི་ཐུམ་སྒྲིལ་འདིའི་ནང་དུ་འཇུག་ཐབས་བྱེད་པ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པར། བོད་པའི་ད་བར་འཚེ་མེད་ཞི་བའི་ཐབས་ལམ་བེད་སྤྱོད་བྱས་ཀྱང་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན་མེད་ལ། ལྷག་པར་རྒྱ་དམར་གཞུང་གྲོས་མོལ་གྱི་ར་བའི་ནང་དུ་ཁྲིད་ནས་བོད་དོན་ཞི་བའི་ལམ་ནས་ཐག་གཅོད་ཡོང་བར་མཐུན་འགྱུར་རོགས་འདེགས་བྱེད་མཁན་སུ་གཅིག་ཀྱང་བྱུང་མེད། དེང་སྐབས་གོ་མཚོན་བེད་སྤྱོད་བྱས་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དག་ལ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཀྱང་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པ་དང། དེ་དག་གི་ཆེད་དུ་གོ་མཚོན་དང་དམག་དཔུང་གིས་རོགས་རམ་བྱེད་བཞིན་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། དེར་བརྟེན་འཛམ་གླིང་གི་ཁྱོན་དུ་འཚེ་མེད་ཞི་བའི་ཁ་གཡང་གི་འོག་ཏུ་དྲག་སྤྱོད་པ་ཧ་ཅང་མང་པོ་ཡོད།
མདོར་ན་རྒྱ་དམར་གཞུང་གི་ངོས་ནས་ཀྱང་དྲག་ཤུགས་ཁོ་ན་བེད་སྤྱོད་བྱས་ནས་བོད་པས་གཙོས་གྲངས་ཉུང་མི་རིགས་ཁག་ལ་གཉའ་ནོན་གདུག་རྩུབ་གཏོང་གི་ཡོད་པ་དང། ཨ་རི་དང། ཨུ་རུ་སུས་གཙོས་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཤུགས་ཅན་ཁག་གིས་དམག་འཁྲུག་སྣ་ཚོགས་སློང་བཞིན་ཡོད་ཀྱང། ཁ་ནས་འཚེ་མེད་ཞི་བའི་ཆེད་དུ་ཡིན་ཚུལ་སོགས་བརྗོད་བཞིན་ཡོད། དེར་བརྟེན་བོད་རིགས་ཡིན་ནོ་ཅོག་གིས་ཁ་གྲག་པ་དང་ལག་འགུལ་བ་ཚང་མ་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བ་ཞིག་ཡིན་དགོས་པའི་ལྟ་ཚུལ་འདི་དག་ནི་སྐབས་སུ་མ་བབ་ཅིང། དགོས་མཁོ་ཡང་དེ་ཙམ་མེད་པ་ལྟ་བུར་གྱུར་ཡོད། བོད་དོན་ལ་རྒྱབ་སྐྱོར་འཚེ་མེད་ཞི་བ་ཁོ་ན་ལས་རག་མི་སྲིད་པའི་ལྟ་ཚུལ་འདི་ཡང་དངོས་ཡོད་གནས་ཚུལ་མ་ཡིན་པ་ད་ལྟའི་འཛམ་གླིང་གི་གནས་སྟངས་ལ་བལྟས་ན་ཤེས་ཐུབ། འཚེ་མེད་ཞི་བའི་ལམ་དེ་ཡག་ཤོས་ཡིན་ཡང། མ་འོངས་པར་བོད་པ་ཚང་མའི་ལྟ་སྤྱོད་ཡོངས་རྫོགས་འཚེ་མེད་ཞི་བའི་རྒྱ་ལས་བརྒལ་མི་ཆོག་པའི་ཚད་བཀག་སུ་གཅིག་གིས་བྱེད་མི་ཐུབ་ལ། བྱེད་དགོས་དོན་ཡང་གཏན་ནས་མེད་སྙམ།།