སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་།
ཟླ་འདིའི་ཚེས་ ༢ ཉིན་གྱི་སྔ་དྲོར་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་༣༠༢ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་བྱེད་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་དེ་འགོ་འཛུགས་བྱས་ཡོད་པ་རེད།
ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་བཅར་ཡོད་པ་རེད།
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་སྐབས། འགོ་ཁྲིད་ཀྱི་ནུས་པ་ང་ཚོ་ཚང་མར་ཡོད་པ་དེ་དག་སྐྱེ་བར་བྱ་རྒྱུ་དང་། སྐྱེས་པ་རྣམས་རྒྱུན་རིང་པོ་བསྲིང་བར་བྱ་རྒྱུའི་དམིགས་ཡུལ་བཟུང་སྟེ། ཕྱི་ལོ་ ༢༠༡༤ ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་རྫོགས་ཀྱི་འཛིན་གྲྭ་བཅུ་པའི་སློབ་ཕྲུག་གྲངས་ ༣༡༠ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་སྤྲད་ཡོད་སྐོར་དང་། སྐབས་དེར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་དང་། དགེ་རྒན་རྣམ་པ། ཟབ་ཁྲིད་པ་སོགས་སྤྱི་ཡོངས་ནས་ཟབ་སྦྱོང་འདི་བཞིན་ཧ་ཅང་ཡག་པོ་འདུག ཅེས་ཤེས་རིག་ལས་ཁུངས་སུ་མུ་མཐུད་བསམ་ཚུལ་མང་པོ་འབྱོར་བར་བརྟེན། ད་རེས་སློབ་ཕྲུག་གྲངས་༣༠༠ ལྷག་ཙམ་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་ཐུབ་པ་བྱུང་ཡོད། སློབ་གྲྭ་ཁག་འདྲ་མིན་ནས་ཕེབས་ཡོད་པར་བརྟེན། སློབ་གྲྭའི་གནས་སྟངས་དང་ཉམས་མྱོང་མི་འདྲ་བ་ཡོད་སྟབས་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། གོ་བསྡུར་བྱ་རྒྱུ་སོགས་གལ་ཆེན་ཆགས་ཡོད་སྐོར་དང་། རྒྱ་ནག་གཞུང་ལ་ཆ་མཚོན་ན། མི་འབོར་དང་དཔལ་འབྱོར། དྲག་ཤུགས་སོགས་གང་ཅིའི་ཐད་ཁ་གཏད་གཅོག་ཐབས་ཁག་པོ་རེད། འོན་ཀྱང་ང་ཚོས་སྤུས་ཚད་དང་། ནུས་པ། ཤེས་ཚད་ཐོག་ནས་ཏན་ཏན་ཁ་གཏད་གཅོག་ཐུབ་ཀྱི་རེད། བོད་ཀྱི་གནད་དོན་ནི་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་པར་བརྟེན། མ་འོངས་པར་འགན་འཁུར་གནང་མཁན་ནི་སློབ་གྲྭ་ཁག་གི་ནང་ཡོད་པའི་སློབ་ཕྲུག་དེ་དག་ལས་གཞན་སུའང་མེད། དེར་བརྟེན་ཁྱེད་རང་ཚོ་མཐོང་བའི་སྐབས་སུ་ང་ཚོ་དགའ་བ་དང་། ༸གོང་ས་མཆོག་ཐུགས་དགྱེས་པ། གཞིས་བྱེས་བོད་མི་རྣམས་སྤོབས་པ་སྐྱེ་བ་དེ་འདྲ་ཡོང་གི་ཡིན་སྐོར་དང་། ང་ཚོར་མི་འབོར་ཡོད་པ་ཙམ་གྱིས་མི་ཕན་པར། མི་འབོར་ཡོད་པ་དེ་དག་སྤུས་དག་པོ་དང་། དཔལ་འབྱོར་དང་ཆབ་སྲིད། འཛིན་སྐྱོང་སོགས་སྡེ་ཚན་ཁག་གི་ནང་འགོ་ཁྲིད་ཏན་ཏན་དགོས་ཀྱི་ཡོད། ང་ཚོ་ནི་རྩ་དོན་དང་འཐབ་རྩོད་ཀྱི་མི་རིགས་ཤིག་ཡིན་པར་བརྟེན། མི་རིགས་གཞན་དང་མི་འདྲ་བ་ཧ་ཅང་གི་འགན་ཆེན་པོ་ཡོད། སོ་སོའི་ཤེས་ཡོན་གཙོ་བོ་བཟུང་པའི་ཐོག་ནས་མི་རིགས་དང་། རྩ་དོན། དེ་བཞིན་འཛམ་གླིང་གི་སྡིངས་ཆའི་སྟེང་ཐོན་ཏེ་འགན་འཁུར་ཐུབ་མཁན་ང་ཚོར་དགོས་ ཀྱི་ཡོད་སྐོར་སོགས་གསུངས་ཡོད་པ་རེད།
སྤྱིར་ཟབ་སྦྱོང་འདིའི་ནང་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་ ༣༡ ནས་བུ་ ༡༤༠ དང་བུ་མོ་ ༡༦༢ བཅས་ཁྱོན་སློབ་ཕྲུག་ ༣༠༢ མཉམ་ཞུགས་བྱས་ཡོད་པ་དང་། ཉིན་གྲངས་བརྒྱད་རིག་གི་ཟབ་སྦྱོང་སྐབས་སློབ་ཕྲུག་ཚོར་བརྗོད་གཞི་མི་འདྲ་བ་ཁག་༡༩ ཙམ་གྱི་ཐོག་ཟབ་ཁྲིད་དང་། སློབ་ཕྲུག་ཕན་ཚུན་ངོ་སྤྲོད་མཚོན་པས་ཤེས་ཡོན་སྐོར་བགྲོ་གླེང་གནང་རྒྱུ་ཡིན་ འདུག ཟབ་ཁྲིད་གནང་མཁན་ཁོངས་སུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་སོགས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་གཅིག་དང་། ཁྱད་ལས་མི་སྣ་མང་དག་ཅིག་གདན་ཞུ་གནང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།