༧གོང་ས་མཆོག་ལ་དྲི་བ་ཁྱད་འཚར་པོ་དེ་འདྲ་དྲིས་པ་ཡག་པོ་མ་རེད།

ཟླ་འདིའི་ཚེས་༩ ནས་ཚེས་༡༤ བར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊི་ཀའི་མངའ་སྡེའི་གྲོང་ཁྱེར་བྷང་ལོར་དུ་ཡོད་པའི་༧ ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་“བཙན་བྱོལ་བོད་མིའི་མཐོ་རིམ་སློབ་མའི་ཤེས་ཡོན་སློབ་གསོའི་གནས་བབ་དང་གྲུབ་འབྲས་”ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་བ་ཚོགས་བཞིན་ཡོད་པ་རེད།

IMG_2346དེ་ཡང་ཉིན་དེའི་སྔ་དྲོ་ཚོགས་ཆེན་གོ་སྒྲིག་མཐུན་ཚོགས་ཀྱི་ཚོགས་གཙོ་གཅོད་པ་སྐྱབས་ཀྱིས་ཐེངས་འདིའི་ཚོགས་ཆེན་ངོ་སྤྲོད་གཏམ་བཤད་གནང་བ་དང་། ༧ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བུ་མོ་ཚེ་རིང་གིས་ཚོགས་འདུ་དབུ་འབྱེད་ཀྱི་འཚམས་འདྲི་དང་འབྲེལ་ཚོགས་ཆེན་སྐོར་གྱི་གཏམ་བཤད་གནང་སྐབས། དེང་སྐབས་མཐོ་སློབ་འདིའི་ནང་ཚོགས་འདུའི་མཐུན་རྐྱེན་སོགས་ཡག་པོ་མེད་ནའང་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་དོ་སྣང་ཡོད་ཚེ་ཤིང་སྡོང་འོག་ཏུ་འཚོགས་འདུ་ཚོགས་ན་གྲུབ་འབྲས་ཆེན་པོ་ཡོང་གི་རེད་ཅེས་གསུངས་ཡོད་སྐོར་དང་འབྲེལ་ནས། ཁོང་གིས་གསུང་དོན། “རྩ་བའི་དེ་རིང་སང་ཉིན་ང་ཚོའི་མཐུན་རྐྱེན་སོགས་ཕྱོགས་ཡོངས་ནས་སྐྱིད་པོ་བྱུང་བ་དེ་༧གོང་ས་མཆོག་གི་སྐུ་དྲིན་ཉག་གཅིག་རེད། ང་ཚོའི་མི་རབས་རྒན་པ་ཚོ་ཡིན་ན་ཡང་༧རྒྱལ་བ་རིན་པོ་ཆེར་དད་པ་དང་དམ་ཚིག་ཡག་པོ་ཡོད་པ་རེད། དེར་བརྟེན་ཚང་མ་༧རྒྱལ་བ་རིན་པོ་ཆེའི་རྗེས་སུ་ཤར་བསྐྱོད་བྱས་ནས་ཡག་པོ་བྱུང་ཡོད་པ་རེད། འོན་ཀྱང་དེང་སང་གཞོན་སྐྱེས་རེ་ཟུང་ལ་དད་པ་དང་དོ་སྣང་ཉུང་དུ་ཕྱིན་ནས་ཉེ་སྔོན་ལྡི་ལི་རུ་༧གོང་ས་མཆོག་ལ་དྲི་བ་ཁྱད་འཚར་པོ་དེ་འདྲ་དྲིས་པ་རེད། དེ་ཚོ་ཡག་པོ་མ་རེད། ང་ཚོ་དེང་ཐོག་སློབ་གྲྭ་འགྲོ་སྐབས་ཁྱོད་བལ་བོ་དང་ཉི་ཧོང་།   དེ་བཞིན་རྒྱ་ནག་བཅས་གང་རུང་ནས་ཡིན་ནམ་ཟེར་ནས་དྲི་བ་འདྲི་སྐབས། ཡིན་ཟེར་བ་ཙམ་ལས་ང་བོད་པ་ཡིན་ཟེར་བའི་སྤོབས་པ་ཡོད་མ་རེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེས་ལོ་མང་རིང་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལས་དེ་སང་ཁྱོད་གང་ནས་ཡིན་ཟེར་དུས་སྤོབས་པ་ཆེན་པོའི་ཐོག་ནས་ང་བོད་པ་ཡིན་ཟེར་གྱི་ཡོད་རེད། འདི་ཐམས་ཅད་རྒྱལ་བ་རིན་པོའི་བཀའ་དྲིན་རེད་”ཅེས་གསུངས་སོང་།

སློབ་སྤྱི་བུ་མོ་ཚེ་རིང་གིས་མུ་མཐུད་ནས་གསུང་དོན། “དེ་རིང་འདིར་ཕེབས་མཁན་ཁྱོད་རང་ཚོ་མ་འོངས་པའི་སོན་རྩ་མ་རེད། མ་འོངས་པའི་བོད་མི་རིགས་སྣེ་ཁྲིད་རེད། དེ་འདྲ་ཡིན་དུས་ནང་ཆོས་དང་རང་གི་རིག་གཞུང་སོགས་དང་འབྲེལ་བའི་དཔེ་དེབ་འདྲ་མིན་བལྟ་ཀློག་དགོས་པ་རེད། འཛམ་གླིང་ཐོག་སོ་སོའི་རིག་གཞུང་ཐོག་ནས་བྱས་རྗེས་འཇོག་དགོས་པ་རེད། དཔེར་ན་སྨན་དང་། ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་རེད། དེང་སྐབས་འཛམ་གླིང་མི་མང་གིས་ནང་ཆོས་དང་ཚན་རིག་བར་དོ་སྣང་ག་ཚོད་བྱེད་ཀྱི་འདུག དེ་ཚོའི་ཐོག་ལ་ངེས་པར་དུ་ཤུགས་བསྐྱོན་དགོས་པ་རེད། ཁྱོད་རང་ཚོའི་འགྲོ་གྲོན་སྤྱི་ཚོགས་ཀྱིས་གཏོང་གི་ཡོད་པ་རེད། དེས་ན་ཁྱོད་ཚོ་སྤྱི་ཚོགས་ཀྱི་མི་ཡིན་པས་སྤྱི་ཚོགས་ཀྱི་འགན་ཁུར་དགོས་པ་རེད་ལ། ཚོགས་འདུའི་ཐོག་གྲོས་ཆོད་གྲོས་འཆར་བཞག་པ་དེ་དག་ལག་ལེན་བལྟ་དགོས་པ་རེད། གལ་སྲིད་ལག་ལེན་མ་ཐུབ་ན་དེའི་རྒྱུ་མཚན་གང་ལ་ཐུག་ཡོད་མེད་སོགས་བཙལ་དགོས་པ་རེད། ང་ཚོ་སློབ་གྲྭ་རུ་འགྲོ་སྐབས་ཚང་མ་ངག་ཐོག་ནས་སྦྱོང་དགོས་པ་རེད། འོན་ཀྱང་དེང་སང་འགྱུར་བ་ཕྱིན་ཚར་བ་རེད། ཚང་མ་དྲ་རྒྱའི་བརྒྱུད་ལམ་ནས་སྦྱོང་གི་ཡོད་པས་སྦྱོང་བྱ་དེ་དག་དྲ་རྒྱའི་ནང་གང་ཡོད་མེད་དང་། དེབ་གང་དུ་ཡོད་མེད་སོགས་བཙལ་ནས་ཕྱིས་སུ་རང་ཉིད་ལ་དགོས་མཁོ་ཡོད་སྐབས་ལེན་ཆོག་ཆོག་བྱེད་དགོས་ཀྱི་ཡོད་རེད། འོན་ཀྱང་དྲྭ་རྒྱའི་བརྒྱུད་ལམ་གཅིག་པུ་ལས་སློབ་སྦྱངས་བྱེད་པ་ཙམ་མ་ཡིན་པར་སློབ་གྲྭ་རུ་ངེས་པར་དུ་འགྲོ་དགོས་པ་རེད་”སློབ་གྲྭར་གཙོ་བོ་འགྲེལ་བཤད་རྒྱག་སྟངས་དང་། སྐད་ཆ་བཤད་སྟངས། མི་ལ་རྣམ་འགྱུར་སྟོན་སྟངས་སོགས་ཚང་མ་སྦྱོང་དགོས་པ་གལ་ཆེན་ཡིན་སྐོར་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད།

དེ་ནས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུ་སྐབས་དགུ་པ་འཚོགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་ཚོགས་བཅར་བ་སློབ་ཕྲུག་ནང་ཕན་ཚུན་ངོ་སྤྲོད།   དེ་བཞིན་ས་གནས་སོ་སོའི་ལས་སྡོམ་སྙན་སྒྲོན་སྒྲོག་སྦྱངས་བྱས་ཡོད་པ་རེད།

IMG_2345ཕྱི་དྲོ་ཆུ་ཚོད་༤ པ་ཙམ་གྱི་ཐོག་སྐུ་མགྲོན་གཙོ་བོ་ཨ་མ་རྗེ་བཙུན་པདྨ་དང་། ༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་སྤྱི་འཐུས་བུ་མོ་ཚེ་རིང་། གཞན་ཡང་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དབུ་འབྱེད་མཛད་སྒོར་གདན་ཞུས་དམིགས་བསལ་སྐུ་མགྲོན་མཱེ་སོར་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་འབུམ་རམས་པ་ཨེས་ཀེ་རཱང་གྷ་པ་དང་།   འབུམ་རམས་པ་ཨེམ་ཨེན་རཱ་ཇེ་ཤི་མཆོག  སྤྱི་འཐུས་འཇིགས་མེད་འབྱུང་གནས་བཅས་ཆེད་ཕེབས་གནང་ཡོད་པ་རེད།

དེར་འབུམ་རམས་པ་ཨེམ་ཨེན་རཱ་ཇི་ཤི་ལ་ཉིས་སྟོང་བཅོ་ལྔ་ལོའི་བོད་དོན་རྒྱབ་སྐྱོར་བའི་གཟེངས་བསྟོད་བྱ་དགའ་ཕུལ་གྲུབ་པ་དང་ཆབས་ཅིག་ཁོང་གིས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དང་འབྲེལ་བའི་སྐོར་ལ་གཏམ་བཤད་ཀྱང་གནང་ཡོད་པ་རེད།

དེ་བཞིན་ཨ་མ་རྗེ་བཙུན་པདྨ་ལ་“གངས་ཅན་བོད་ཀྱི་ཨ་མ་ལགས་”ཞེས་པའི་བྱ་དགའ་འབུལ་བཞེས་གནང་གྲུབ་པ་དང་ཨ་མ་རྗེ་བཙུན་པདྨས་བོད་ཀྱི་མཐོ་རིམ་སློམ་མའི་ཚོགས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་སྐབས་མཐོ་རིམ་སློབ་མ་ཚོའི་སོ་སོའི་འགན་ཁུར་བའི་ཐོག་ནས་སློབ་སྦྱོང་ཐོག་སྔར་ལྷག་ཤུགས་བསྐྱོན་དགོས་སྐོར་དང་། འདི་ལྟ་བུའི་སློབ་སྦྱོང་གི་གོ་སྐབས་བཟང་པོ་རག་པ་དེ་༧གོང་ས་མཆོག་གི་བཀའ་དྲིན་ཡིན་སྐོར་དང་།   མཐོ་རིམ་སློབ་མ་ཚོའི་༧གོང་ས་མཆོག་གིས་བཀའ་དགོངས་བསྒྲུབ་ཐུབ་ལ་འབད་བརྩོན་བྱེད་དགོས་སྐོར་སོགས་གསུངས་ཡོད་པ་རེད།

དེ་ནས་སྐུ་མགྲོན་གཙོ་བོས་ཚོགས་བཅར་བ་སློབ་མའི་བོད་དབྱིན་གཉིས་ཀྱི་རྩོམ་ཡིག་ཨང་རིམ་རྩེར་སོན་དྲུག་ལ་བྱ་དགའ་བསྩལ་ཡོད་པ་རེད།

ཐེངས་འདིའི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་ཚོགས་ཞུགས་པ་མཐོ་སློབ་དང་གྲྭ་ཚང་ཁག་༢༢ ནས་ཚོགས་ཞུགས་མི་སྣ་༧༩ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ཉིན་དྲུག་རིང་ཆེད་མཁས་པ་གདན་ཞུས་གཏམ་བཤད་དང་། མ་འོངས་པར་བོད་ཀྱི་མཐོ་རིམ་སློབ་མའི་ལས་དོན་བྱེད་ཕྱོགས་སྐོར་ལ་ནང་ཁུལ་བགྲོ་གླེང་སོགས་འཚོག་གི་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།