སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་ཞབས་རིམ་གསོག་སྒྲུབ།
འདི་ལོའི་བོད་ཟླ་དང་པོའི་ཚེས་༡ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཞབས་ཞུ་ཚོགས་པའི་གོ་སྒྲུག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་ཚེ་བརྟན་ཅིང་རྒྱ་གཞུང་གི་བཙན་འོག་ནས་མགྱོག་ནས་མྱུར་དུ་གློད་གྲོལ་ཡོང་ཆེད་དུ་ཞབས་རིམ་གསོག་སྒྲུབ་ཞུས་ཡོད་པ་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ཏེ་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ངོ་བཅུ་གསུམ་སོང་བའི་རིང་། སྤྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་དད་ལྡན་སློབ་མ་མི་ཉུང་བ་ཞིག་གིས་ཉིན་གཅིག་ཀྱང་མ་ཆད་པར་རིན་པོ་ཆེའི་ཞབས་བརྟན་ལྷོད་མེད་སྤུས་དག་བསྒྲུབས་ཀྱི་ཡོད་པ་མ་ཟད། ལོ་གསར་ཚེས་གཅིག་དང་། ལྷ་བབས་དུས་ཆེན། བཅས་ལ་ལོ་ལྟར་སློབ་མ་ཕལ་ཆེར་བ་མཉམ་འཛོམས་ཀྱི་ཞབས་རིམ་གསོག་སྒྲུབ་དང་། བསང་གསོལ་སོགས་བྱེད་ཀྱི་ཡོད་འདུག
ལྷག་པར་དུ་ལོ་འདིར་ཡང་བོད་ལུགས་ལོ་གསར་སྐབས་དང་སྟབས་བསྟུན་སློབ་མ་ཚོའི་གོ་སྒྲིག་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཞབས་རིམ་གསོག་སྒྲུབ་ཀྱི་ལས་འགུལ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དབལ་ཤུལ་མི་ཚན་ནང་སྤེལ་ཡོད་པ་རེད།
ཞབས་རིམ་གསོག་སྒྲུབ་ཀྱི་ལས་འགུལ་ཐོག་དགེ་ལྡན་༧ཁྲི་རིན་པོ་ཆེ་དང་། འབྲས་སྤུངས་ཚོགས་ཆེན་ཁྲི་པ་སོགས་མཁན་སྤྲུལ་དང་། དེར་བཞུགས་པའི་རིན་པོ་ཆེའི་སློབ་མ་དང་འབྲེལ་ཡོད་བླ་མ་དགེ་བཤེས་རྣམ་པ་དང་། བཙུན་མ་དང་སློབ་གྲྭ་ཁག་གི་སློབ་མ་སོགས་མཉམ་འཛོམས་ཐོག སྐྱབས་འགྲོ་སེམས་བསྐྱེད་དང་འབྲེལ་ནས། སྒྲོལ་མ་དང་། གོང་ས་མཆོག་གི་ཞབས་བརྟན། ༧གོང་ས་མཆོག་དང་། སྐྱབས་མགོན་ས་སྐྱ་གོང་མ་རིན་པོ་ཆེ། སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་བཅས་ནས་མཛད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་བརྟན་ཁག་དང་། དེ་བཞིན་བསྐངས་བཤགས་བཅས་ཀྱིས་ཐོག་ནས་ཚང་མས་གདུང་ཤུགས་དྲག་པོས་གསོལ་བ་སྨོན་ལམ་ཞུས་ཡོད་པ་རེད། །
ལྷོ་ཕྱོགས་འགོད་པ་ཐུབ་བསྟན་བཀྲ་ཤིས།
