ཁམས་འབྲི་རུ་ནས་གྲྭ་པ་དྲུག་རྒྱ་གཞུང་གིས་འཇུ་བཟུང་།
ཕྱི་ཟླ་༩ ཚེས་༣༠ དགོང་མོ་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༩ ཟླ་མཇུག་ཙམ་ལ། ཁམས་འབྲི་རུ་རྫོང་། ཁུལ་ཤག་ཆུ་གྲོང་རྡལ་གྱི་ཝ་ཐང་འབྲོང་ངུར་དགོན་བཀའ་བརྒྱུད་འཕེལ་རྒྱས་གླིང་གི་གྲྭ་པ་དྲུག་རྒྱ་གཞུང་གིས་འཇུ་བཟུང་བྱས་པ་དང། ད་ལྟ་དགོན་པ་དམག་གིས་བསྐོར་ཞིང་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་འདུག
གྲྭ་པ་དྲུག་ལས་གཉིས་ཝ་ཐང་གྲོང་ནས་ཡིན་པ་དང་། གཅིག་གི་ཕ་མིང་ལ་མ་ནེ་དགྲ་འདུལ་དང་། གཅིག་གི་ཕ་མིང་ལ་འབྱུང་གནས་ཟེར་གྱི་ཡོད་པ་དང་གྲྭ་པ་དེ་ཚོ་ལོ་ཉི་ཤུ་ནང་ཡིན་པ་ཙམ་ལས། གྲྭ་པ་གཞན་བཞི་ཡི་གྲོང་པ་དང་ཁོ་ཚོའི་མིང་སོགས་ད་ལྟ་ཤེས་ཐུབ་ཀྱི་མི་འདུག
དགོན་ཐོག་ཏུ་བཙུགས་པའི་རྒྱ་དར་དེ་གོང་གསལ་གྲྭ་པ་ཚོས་མར་ཕབས་ཏེ་མེར་སྲེག་བཏང་བའི་རྐྱེན་གྱིས་ཡིན་འདུག་ལ། ད་ལྟ་སྡེ་དགོན་གཉིས་ཆ་དཀའ་ངལ་ཚད་མེད་ཀྱི་འོག་ཏུ་གནས་ཡོད་འདུག
ཤག་ཝ་ཐང་འབྲོང་ངུར་དགོན་འདི་ནི་༡༢༥༨ ལོར་འབྲོང་ངུར་ཆོས་རྗེ་སྐུ་འཕྲེང་དང་པོ་རྒྱལ་བ་གངས་པ་རིན་ཆེན་འོད་ཟེར་གྱིས་བཏབ་པའི་བཀའ་བརྒྱུད་ཀྱི་དགོན་རྙིང་ཞིག་ཡིན།
༡༩༦༩ ལོར་རྒྱ་ནག་གིས་དགོན་པར་བསྙད་དེ་རྩ་གཏོར་བཏང་བ་དང་། དགོན་བདག་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ་འབྲི་རུ་རྫོང་གཟིང་འཁྲུག་སློང་མཁན་གྱི་ཉེས་མིང་གཡོག་སྟེ་ ༡༩༧༠ འབྲི་རུ་རྫོང་དུ་སྲོག་ཁྲིམས་བཅད་པ་རེད། སྤྱི་ལོ་༡༩༨༠ ནང་ཉམ་གསོ་བྱས་ཡོད་ལ་གྲ་པ་རྣམས་ཀུན་སྤྱོད་ལེགས་པ་དང་ཨུ་ཡོན་རག་སྡིས་ཆུང་དུས་གྲྭ་པ་བགྱིད་མྱོང་བ་དང་ཁོང་ཐེངས་མང་ཕེབས་པ་སོགས་ལ་བརྟེན། རྒྱལ་གཅེས་ཆོས་གཅེས་ཀྱི་དགོན་པ་ཞིག་ཡིན་པར་རིམ་པ་ཁག་གིས་དཔང་ཡིག་ལན་མང་སྤྲད་མྱོང་བ་ཞིག་ རེད། །