ལྡན་མ་བློ་ཆོས་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ།
ཟླ་འདིའི་ཚེས་༣ ཉིན་གྱི་ཞོགས་པ་འབྲས་སྤུངས་བློ་གསལ་གླིང་གི་མཁན་ཟུར་བྲབ་གཡབ་རྟོག་ལྡན་རིན་པ་ཆེ་དང་། འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་བློ་བཟང་ཡེ་ཤེས། འབྲས་བློ་གླིང་གྲྭ་ཚང་དང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད། གཞན་ཡང་གནད་ཡོད་མི་སྣ་རྣམ་པས་ཞིང་གཤེགས་དམ་པ་ལྡན་མ་བློ་ཆོས་རིན་པོ་ཆེའི་སྐུ་གདུང་དེ་བཞིན་དྷ་སའི་གཟིམ་ཤག་ནས་སྟོད་རྒྱུད་གྲྭ་ཚང་དུ་གདན་ཞུ་ཞུས་ཡོད་པ་རེད།
ཉིན་དེའི་ཞོགས་པ་སྔ་པོ་སྟོད་རྒྱུད་གྲྭ་ཚང་གི་མཁན་བླ་རྣམ་པ་གཉིས་ཀྱི་གཙོས་དགེ་འདུན་འདུས་མང་ཡོངས་དང་། དེ་བཞིན་དགེ་ལྡན་པའི་གདན་ས་གསུམ་ནས་ཕེབས་པའི་བླ་སྤྲུལ་དགེ་བའི་དགེ་བཤེས་གཉེན་༦༨ཙམ། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གནད་ཡོད་མི་སྣ་བླ་སྤྲུལ་དགེ་བཤེས་རྣམ་པ། དད་ལྡན་སེར་སྐྱ་མི་མང་བཅས་ཀྱིས་གསོལ་འདེབས་སྨོན་ལམ་དང་འབྲེལ་འཕྲེང་བསྒྲིགས་ནས་གང་ཉིད་ཀྱི་སྐུ་གདུང་ཕེབས་བསུ་ཞུས་རྗེས། སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད།
གཞན་ཡང་ཉིན་འདིར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་ལྡན་མ་བློ་ཆོས་རིན་པོ་ཆེའི་བཞུགས་གནས་ འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་དམ་པ་གང་གི་དད་ལྡན་སློབ་འབངས་ཡོངས་ཀྱིས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་གནང་མུས་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།