ཟམ་གདོང་རིན་པོ་ཆེར་བརྟན་བཞུགས།
ཕྱི་ཟླ་༡༠ པའི་ཚེས་༢༣ ཉིན་ནས་བཟུང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་ པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཟམ་གདོང་རིན་པོ་ཆེས་རྒྱལ་མཆོག་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ཁྲིད་ཡིག་ཐོག་ནས་དགའ་ལྡན་ལྷ་བརྒྱ་མ་དང་། དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་ཉིན་གསུམ་རིང་གནང་གྲུབ་རྗེས། བློ་གསལ་གླིང་གྲྭ་ཚང་གི་ངོས་ནས་ཟམ་གདོང་རིན་པོ་ཆེ་ལ་བརྟན་བཞུགས་ཞིག་ཀྱང་ཕུལ་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་༡༠ པའི་ཚེས་༢༧ ནས་ཕྱི་ཟླ་༡༡ པའི་ཚེས་༢ བར་བདུན་ཕྲག་གཅིག་རིང་ཟམ་གདོང་རིན་པོ་ཆེས་འབྲས་བློ་གླིང་ཚ་བ་ཁམས་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་དང་འབྲེལ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུ་ལམ་གྱི་སྒྲོན་མའི་བཀའ་ཁྲིད་གནང་གྲུབ་པ་དང་། ཟླ་འདིའི་ཚེས་༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༨ ཙམ་གྱི་ཐོག་འབྲས་སྤྲུངས་བློ་གསར་གླིང་ཚ་བ་ཁམས་ཚན་གྱི་ངོས་ནས་བཀའ་དྲིན་གཏང་རག་མཚོན་ཆེད་དང་སྐུ་ཚེ་ཡུན་རིང་བཞུགས་ཆེད་བཅས་སུ་ཟམ་གདོང་རིན་པོ་ཆེ་ལ་བརྟན་བཞུགས་བསྟར་འབུལ་གྲུབ་རྗེས། ཟམ་གདོང་རིན་པོ་ཆེའི་ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་ཆོས་ཕྱོགས་ཀྱི་མཛད་པ་ཡོངས་ལེགས་པར་གྲུབ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།