མིང་ཙམ་མིན་པར་དོན་གྱི་རྒྱབ་སྐྱོར།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༡༥ ཕྱི་ལོ་ ༢༠༡༤/༡༡/༥
ཕྱི་ལོ་༡༩༥༩ ལོར་༧གོང་ས་མཆོག་གིས་དབུས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ད་བར་འཛམ་བུའི་གླིང་གི་རྒྱལ་ཁབ་གང་མང་ཞིག་གིས་རོགས་རམ་གནང་ཡོད་པ་དང། བཙན་བྱོལ་བོད་མིའི་གནས་བབས་དངོས་ལ་གཟིགས་ནས་རྒྱབ་སྐྱོར་གནང་མཁན་གཞུང་སྒེར་གྱི་ཚོགས་སྡེ་གང་མང་ཞིག་བྱུང་ཡོད་པ་དག་གི་བཀའ་དྲིན་ནི་གཞལ་མཐའ་བྲལ་བ་ཞིག་ཡིན་པ་མ་ཟད། ལྷག་པར་ད་བར་འཛམ་གླིང་ཧྲིལ་པོ་འདིའི་ཐོག་ནས་བོད་དང་བོད་མིར་བཀའ་དྲིན་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་གར་གཞུང་ཁོ་ན་ཡིན་པ་དེ་ཧ་ཅང་གསལ་པོ་རེད། དུས་རྒྱུན་རྒྱ་གར་གཞུང་གིས་བོད་པ་ལ་རྒྱབ་སྐྱོར་གནང་བ་དེ་དག་ཁྱབ་བསྒྲགས་དང་ངོ་སོའི་ཆེད་དུ་མིན་པ་མ་ཟད། དོན་དམ་པར་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཞིག་རེད། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་གཞིས་ཆགས་ཁག་དང། སློབ་གྲྭ་ཁག དགོན་སྡེ་ཁག གཙོ་བོ་དེ་བོད་གཞུང་མ་ལག་དང་བཅས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཚང་མ་རྒྱ་གར་དུ་གནས་ཐུབ་པ་བྱུང་ཡོད།
དཔལ་འབྱོར་གྱི་ཐོག་ནས་བཤད་ན་ད་བར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་ཚང་མའི་འགྲོ་སོང་ཡོངས་རྫོགས་རྒྱ་གར་གཞུང་གིས་བཏང་ཡོད་པ་དང། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱིས་ཚུར་ལེན་རྒྱུའི་ཐག་གཅོད་བྱུང་བའི་རྗེས་སུ་ལོ་ལྟར་ཧིན་སྒོར་འབུམ་༤༣༠༠ རེ་རྒྱ་གར་གཞུང་གིས་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། ནང་སྲིད་དང་འབྲེལ་བའི་ལས་དོན་ཐོག་ལའང་ཧིན་སྒོར་འབུམ་༡༠༠༠༠ གནང་ཡོད་པ་སོགས་ད་ལྟའི་གནས་སྟངས་ཁོ་ནའི་ཐོག་ནས་ཤེས་ཐུབ་པ་ཞིག་རེད་ལ། འདས་པའི་ལོ་རྒྱུས་ནང་སློབ་གྲྭ་དེ་དག་གི་འགྲོ་སོང་ཡོངས་རྫོགས་རྒྱ་གར་གཞུང་གིས་བཏང་བ་དང། འཛིན་སྐྱོང་དང་རིག་གཞུང་སོགས་དང་འབྲེལ་བའི་ཐོག་ནས་ཀྱང་མཐུན་འགྱུར་རྒྱ་ཆེན་པོ་གནང་གི་ཡོད་པ་རེད། དེ་བཞིན་ཉེ་བའི་ཆར་“རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་༢༠༡༤” གཏན་འབེབས་གནང་བ་བརྒྱུད་བཙན་བྱོལ་བོད་མིར་གོ་སྐབས་དང་མཐུན་རྐྱེན་མང་དུ་སོང་ཡོད་འདུག་ལ། འདི་དམིགས་བསལ་རྒྱ་གར་གཞུང་གིས་བོད་པ་སྐྱབས་བཅོལ་བ་རྣམས་ལ་དམིགས་པ་ཞིག་རེད།
རྒྱ་གར་ནང་བོད་པ་ཙམ་མ་ཡིན་པར་བྷང་ལ་དྷེ་ཤི་དང། འབར་མ་སོགས་ཀྱི་སྐྱབས་བཅོལ་བ་ཧ་ཅང་མང་པོ་ཡོད་པ་དང། རྒྱ་གར་རང་གི་མི་སེར་ཡང་སྡོད་གནས་དང་ཟས་གོས་ཀྱི་དཀའ་ངལ་ཆེན་པོ་ཡོད་པའི་མི་མང་པོ་ཞིག་ཡོད། འོན་ཀྱང་བཙན་བྱོལ་བོད་མི་རྣམས་ལ་དམིགས་ཀྱིས་བསལ་ནས་རོགས་རམ་གནང་བའི་བཀའ་དྲིན་ནི་དུས་ནམ་ཡང་བོད་མི་རིགས་ཀྱི་ངོས་ནས་བརྗེད་མི་རུང་བ་ཞིག་རེད། ཕྱིའི་རྒྱལ་ཁབ་ཁག་གིས་བོད་དོན་རྒྱབ་སྐྱོར་གནང་བ་དང། བཙན་བྱོལ་བོད་མིའི་བདེ་དོན་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་མང་པོ་གནང་གི་ཡོད་ཀྱང། རྒྱ་གར་གཞུང་གི་མཐུན་འགྱུར་དེ་རྒྱལ་ཁབ་གཞན་སུ་གཅིག་དང་བསྡུར་ཐབས་གཏན་ནས་མེད། ཕྱིའི་རྒྱལ་ཁབ་ཁག་གི་དཔོན་རིགས་རྣམས་ཀྱིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་པ་ཙམ་གྱིས་བོད་པ་རྣམས་ལ་དགའ་སྣང་ཆེན་པོ་ཡོད་ཀྱང། རྒྱ་གར་དུ་བོད་གཞུང་བཙུགས་ནས་ད་བར་མང་གཙོའི་ལམ་ལུགས་ལག་བསྟར་བྱས་ཏེ་འགྲོ་ཐུབ་པ་ནི་རྒྱུན་ལྡན་དང་འཆར་ཅན་ལྟ་བུར་ངོས་འཛིན་གཏན་ནས་བྱེད་མི་རུང།
ལོ་རྒྱུས་ཀྱི་ཐོག་ནས་འཕགས་བོད་གཉིས་ལ་མཛའ་འབྲེལ་ཆེན་པོ་ཡོད་པ་མ་ཟད། དེང་དུས་འཛམ་བུའི་གླིང་འདིར་བོད་པ་ཚོས་མགོ་འགྱོགས་ཐུབ་པའི་རིག་གནས་ཉག་གཅིག་ཡོད་པ་དེ་ནང་པའི་ཆོས་ལུགས་ཡིན་པ་དང། དེ་ཡང་རྒྱ་གར་ནས་བོད་དུ་དར་བ་ཞིག་ཡིན། འདས་པའི་ལོ་ཉིས་སྟོང་ཙམ་རིང་གི་འཕགས་བོད་གཉིས་ཀྱི་མཛའ་འབྲེལ་ཐོག་ལ་མི་མཐུན་པའི་གནས་ཚུལ་གང་ཡང་བྱུང་མེད་པར་གོ་ལ་ཧྲིལ་པོ་འདིའི་སྟེང་ནས་རྒྱ་གར་ནི། དུས་ནམ་ཡང་བོད་པའི་གྲོགས་པོ་དང། དུས་ནམ་ཡང་བོད་པའི་དགེ་རྒན་ཁོ་ན་ཡིན་ཞེས་བརྗོད་ཆོག་ལ། བོད་པའི་དྲིན་ཆེན་ཁོ་ན་ཡིན་ཞེས་བརྗོད་ཀྱང་དོན་ལ་གནས་པའི་སྐད་ཆ་ཞིག་ཡིན། དེར་བརྟེན་བོད་པའི་ངོས་ནས་དྲིན་ཆེན་ཡིན་པའི་གནས་སྟངས་དེ་གསལ་པོ་ཤེས་མ་ཐུབ་ན། བོད་པའི་རིག་གནས་ཀྱི་སྙིང་བཅུད་ལྟ་བུ་ལས་རྒྱུ་འབྲས་ཀྱི་ཐོག་ནས་བཤད་ཀྱང་གཏན་ནས་མི་འོས་པ་ཞིག་རེད།
མདོར་ན་དེང་སྐབས་བོད་པའི་ངོས་ནས་ནུབ་ཕྱོགས་ལ་དབྱིངས་ཆེན་པོ་ཞུགས་པའི་སྐབས་ཡིན་པས། རང་གི་དྲིན་ཆེན་གྱི་གནས་སྟངས་ལ་དེ་ཙམ་སེམས་ཁུར་མེད་པའི་གནས་ཚུལ་ལྟ་བུ་ཡང་སྐབས་རེ་ཡོང་མི་སྲིད་པ་མིན་ལ། རྒྱལ་ཁབ་གཞན་གྱིས་བོད་དོན་སྐོར་གླེང་ཙམ་བྱས་པ་དང་གཏན་ནས་མི་འདྲ་བར། རྒྱ་གར་གྱིས་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་གི་ཡོད་པ་དེ་དོན་དངོས་ཐོག་ཤེས་དགོས་པ་དེ་གལ་ཆེ། སྤྱི་ཡོངས་ནས་ད་ལྟའི་ཆར་རྒྱ་གར་གྱི་དཔལ་འབྱོར་གྱི་གནས་སྟངས་དེ་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས་ཡིན་ནའང། མཐུན་རྐྱེན་དང་ཁོར་ཡུག གཙང་སྦྲ་གང་ཐད་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་དང་བསྡུར་ཐབས་མེད། འོན་ཀྱང་བཟོད་བསྲན་ངང་རིང་དང། གུ་ཡངས་དཀྱེལ་ཆེ་སོགས་གང་ཐད་ནས་རྒྱ་གར་ལ་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ཡོད་པ་དེ་ཡང་ཤེས་རྟོགས་ངེས་པར་དུ་དགོས་པ་ཞིག་རེད་ལ། ཅིག་བྱས་ན་དུས་རབས་ཉེར་གཅིག་པ་དེ་ཨེ་ཤི་ཡ་ལ་དབང་བ་ཞིག་དང། དེའི་ནང་ནས་ཀྱང་གཙོ་བོ་རྒྱ་གར་ལ་དབང་བ་ཞིག་ཏུ་འགྱུར་མི་སྲིད་པའང་གཏན་ནས་མ་རེད།།