བོད་ཀྱི་བུད་མེད་ཅིག་རང་ཤི་བརྒྱབ་འདུག

ཟླ་འདིའི་ཚེས་༦ ཉིན་རྒྱ་གར་གྷོ་ཝ་བོད་མའི་སུད་ཚོང་ཁྲོམ་རའི་ཉེ་འགྲམ་དུ་བོད་པའི་བུད་མེད་རང་ལོ་༤༤ ཡིན་པའི་སྒྲོལ་མ་ལྷ་སྒྲོན་ཟེར་པ་ཞིག་རང་ཤི་བརྒྱབ་ཡོད་པ་དང་། ཨམ་ཕྲག་ནང་བོད་ཀྱི་རྒྱལ་དར་གཉིས་དང་ཤོག་བུ་ཞིག་གི་ཐོག་ལ་བོད་ལ་རང་དབང་དགོས་ཞེས་པ་ཞིག་བཅུག་ཡོད་འདུག

དེ་ཡང་ཚེ་འདས་ཁོང་གི་འབྲེལ་ཡོད་ཚེ་བརྟན་ནོར་བུས་ས་གནས་དེ་ནས་འགྲེལ་བརྗོད་གནང་དོན་ལྟར་ན།  ཁོ་མོའི་ནམ་རྒྱུན་བསྡོད་གནས་དྷ་རམ་ས་ལ་ཡིན་པ་དང་། ཤུལ་ལུས་བཟའ་ཟླ་སྐལ་བཟང་ཕུན་ཚོགས་དང་། འདས་པོའི་ཨ་མ་རྡོ་རྗེ་སྒྲོལ་མ་རང་ལོ་༧༨ ཅན་ཞིག་དང་།  ཕྲུ་གུ་གསུམ་ཡོད་ཡོད་འདུག

photo 1ཁོང་ཉིན་དེར་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་གང་ཡང་མེད་པ་དང་།  ཉིན་འདིའི་དགུང་མོ་མཚན་གི་ཆུ་ཚོད་༡༡ བཅུ་གཅིག་ཙམ་ལ་ཁྲོམ་ས་ནས་ཁོ་མོའི་ཉལ་རོགས་གྲོགས་མོ་བསྟན་འཛིན་དབང་མོ་དང་མཉམ་དུ་ནང་དུ་འབྱོར་ཡོད་པ་དང་།   ཁོ་མོས་གཟུགས་པོ་བཀྲུས་ནས་ལམ་སེང་མར་ཉལ་ཡོད་འདུག།    ཕྱི་ཚེས་༦ ཉིན་གྱི་ཞོགས་པ་ཆུ་ཚོད་༦ པ་ཙམ་ལ་བསྟན་འཛིན་དབང་མོ་ཡར་ལངས་དུས་འདས་པོ་དེ་ཉིད་ཉལ་སར་མེད་པ་ཤེས་རྗེས་ལམ་སང་བཙར་དུ་འགྲོ་སྐབས། སྡོད་ཁང་ཉིས་ཐོག་ནས་མར་འབབ་སའི་སྐས་འཛེགས་ཀྱི་ལྕགས་ཁྲ་ལ་སྐེ་ཐག་པས་བསྡམས་ནས་རང་སྲོག་བཅད་ཡོད་འདུག ལམ་སང་ཉེ་འཁོར་ཀྱི་བོད་མི་རྣམས་ཀྱིས་མགྱོག་པོར་ཐག་པ་བཀྲོལ་ཡོད་ཀྱང་ཚེ་ལས་འདས་ཟིན་ཡོད་འདུག།
འདས་པོ་དེའི་ལུས་ལ་བོད་ཆས་གཙང་མ་དང་སྐེ་ལ་ཁ་བཏག་དཀར་གཙང་ཞིག་གོན་ནས།   ཨམ་ཕྲག་ནང་བོད་ཀྱི་རྒྱལ་དར་གཉིས་དང་ཤོག་བུ་ཞིག་གི་ཐོག་ལ་བོད་ལ་རང་དབང་དགོས་ (FREE TIBET) ཞེས་བྲིས་ནས་ཨམ་ཕྲག་ནང་བཅུག་ཡོད་འདུག   ཤོག་བུ་གཉིས་བྲི་དེབ་ནང་བྲིས་ནས་ལག་ཁུག་ནང་བཅུག་ཡོད་འདུག་པ་མ་ཟད། འདས་པོ་ཁོང་གི་ལག་ངར་སྒང་ལ་ཡང་བོད་ལ་རང་དབང་དགོས་ཞེས་བྲིས་ཡོད་འདུག

འདས་པོ་དེ་ཉིད་ནམ་རྒྱུན་མི་གཞན་དང་མཐུན་པོ་ཡོད་པ་མ་ཟད་མི་ཚང་མས་ཆ་འཇོག་བྱེད་ས་ཞིག་ལ་བརྩི་གི་ཡོད་འདུག་ལ། བཟའ་ཚང་འཆམ་མཐུན་ཆེ་བ་སོགས་གཡས་གཡོན་་མི་ཚང་མས་ཡིད་སྨོན་བྱེད་དགོས་བ་ཞིག་ཡོད་ཀྱང་། གློ་བུར་རྐྱེན་ངན་འདི་བྱུང་བ་ཚང་མ་ཧང་སང་བའི་གནད་དོན་ཞིག་ཏུ་འགྱུར་ཡོད་འདུག།
གྷོ་ཝར་བོད་མིའི་ཁྲོམ་ས་བརྒྱ་ཙམ་ཡོད་པ་ཚང་མས་ཕྱི་ཚེས་༦ ཉིན་ནས་ཚེས་༩ བར་ཁྲོམ་ས་སྒོ་རྒྱབ་ནས་མྱ་ངན་དང་མ་ཎི་འཚོགས་ཡོད་པ་དང། འདས་པོ་དེ་ཉིད་རང་སྲོག་གཅོད་དགོས་པའི་འུ་ཐུག་ཀྱི་སེམས་ངལ་བྱུང་པའི་རྒྱུ་སྐྱེན་གང་ཡང་མེད་པ་རེད།

ཕྱི་ཚེས་༩ ཉིན་འདས་པོ་ཕུང་པོ་རྒྱ་གར་སྐོར་སྲུང་པས་ནང་མི་ལ་རྩིས་སྤྲོད་བྱུང་རྗེས་མོན་གྷོ་གཞིས་ཆགས་གདན་ས་ཆེན་པོ་འབྲས་སྤུངས་དགོན་པ་ནས་དགེ་འདུན་པ་བཞི་སྡེ་ཞིག་གདན་འདྲེན་ཞུ་ནས་བསྔོ་སྨོན་མཆོད་འབུལ་དང་ཕུང་པོ་གྷོ་ཝར་ཞུགས་འབུལ་བྱས་ཡོད་འདུག །

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།