ཞི་བདེའི་གཟེངས་རྟགས་དུས་དྲན་སྲུང་བརྩི།
ཟླ་འདིའི་ཚེས་༡༠ ཉིན་༧གོང་ས་མཆོག་གིས་འཛམ་གླིང་ནོ་སྤེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་༢༥ འཁོར་བར་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ས་ཕྱོགས་གང་སར་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པ་བཞིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ཐོག་མར་མོན་གྷོ་གཞིས་སྤྱིའི་ནོར་བུ་རིར་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་བསང་གསོལ་དང་རླུང་རྟ་དར་ལྕོག་གསར་འཛུགས་བཅས་ཀྱི་ལས་རིམ་གྲུབ་རྗེས། མོན་གྷོ་ས་གནས་མི་མང་ཚོགས་ཁང་ཆེན་མོའི་ནང་དུ་ནོ་སྤེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོ་དངོས་སུ་དབུ་འཛུགས་ཞུས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་་གཉིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་། དགེ་ལས་སློབ་ཕྲུག་སེར་སྐྱ་མི་མང་སྟོང་ཕྲག་གཅིག་ལྷག་འདུ་འཛོམས་བྱུང་ཡོད་པ་རེད། མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་དང་འབྲེལ་དུས་དྲན་ཐོག་གསུང་བཤད་གནང་བ་དང་། མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་རྒྱལ་རྒྱན་མཚན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་སྐབས། ང་ཚོ་འགྲོ་བ་མིའི་མཚོན་སྐྱེས་འགྲོ་ཡོངས་ལ་སྙིང་རྗེ་དང་ཞི་བདེ་སྟེར་མཁན་སྐྱེས་ཆེན་དམ་པ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་གི་སྙན་གྲགས་ཅན་གྱི་ནོ་སྤེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་སྐལ་བཟང་གི་ཉིན་མོར་འདིར། ད་ལྟའི་ང་ཚོ་བོད་མི་རིགས་ཆགས་འཇིག་གི་གནས་སྐབས་སུ་འཛམ་གླིང་ལ་ཉི་མ་ལྟར་ཤར་བཞིན་པའི་༧གོང་ས་མཆོག་ང་ཚོའི་དབུ་ཁྲིད་ལ་ཕེབས་པའི་ཁོང་གི་བཀའ་དྲིན་དེ་ང་ཚོས་དུས་ནམ་ཡང་བསུབ་མི་ཐུབ་པ་ཞིག་རེད་ལ། དེར་བརྟེན་དེ་རིང་གི་དུས་དྲན་ཉིན་མོ་དང་འབྲེལ་ནས་བཀའ་ཤག་གི་དགོངས་དོན་ལྟར་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཡང་ཡང་དྲན་དགོས་གྱི་རེད་ཅེས་སོགས་ཀྱི་གཏམ་བཤད་གནང་སོང་།
དེ་ནས་གླིང་མཆོག་སྤྲུལ་རིན་པོ་ཆེས་ཞི་བདེའི་གཟེངས་རྟགས་ཀྱི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེ་རིང་སྐལ་བཟང་གི་ཉིན་མོ་འདིར་དགའ་སྤྲོའི་འཚམས་འདྲི་དང་འབྲེལ་ང་ཚོའི་དགེ་སྡུག་སྤངས་བླང་ཚུལ་བཞིན་དུ་སྒྲུབ་དེ་ཆོས་སྲིད་གཉིས་ཀྱི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བ་དེར་ཚང་མས་འགན་ཁུར་ཡོད་པའི་ཐོག་ཅི་བཞིན་སྒྲུབ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ང་ཚོའི་འཛམ་གླིང་མི་རིགས་གཞན་ལ་ངོམ་ཆོག་པ་ཞིག་ཡོད་པ་ནི་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་དེ་ཡིན་སྟབས་བོད་ནང་ལ་མཚོན་ན་རང་དབང་མེད་པ་དང་སོ་སོའི་སྐད་ཡིག་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པ་རེད། ང་ཚོ་རང་དབང་གི་ལུང་བའི་ནང་ཡོད་མཁན་དམིག་གསལ་གཞོན་སྐྱེས་ཚོས་འཛམ་གླིང་སྐད་ཡིག་སྤྱི་དང་ལྷག་པར་དུ་བོད་རང་གི་སྐད་ཡིག་ལ་སྦྱང་བ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་༧གོང་ས་མཆོག་གིས་ཡང་ནས་ཡང་དུ་བཀའ་གནང་གི་ཡོད་པ་རེད་ལ། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ངས་ངོས་ནས་ཀྱང་བཤད་འདོད་པ་ཞིག་ལ་༧ གོང་ས་མཆོག་གིས་བཀའ་དགོངས་གཞིར་བཟུང་ཐོག་ང་ཚོ་ཤར་བསྐྱོད་བྱེད་དགོས་པ་དང་ལྷག་པར་དུ་བོད་མི་རིགས་ཀྱི་སྐད་ཡིག་ཉམ་པ་སླར་གསོ་དང་མི་ཉམ་རྒྱུད་འཛིན་ཡོང་ཐབས་བཅས་སུ་ཚང་མས་འབད་བརྩོན་གནང་རོགས་ཞེས་སོགས་གསུངས་སོང་།
དེ་ནས་མོན་གྷོ་ས་གནས་སློབ་གྲྭ་ཁག་གིས་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།