ད་ལོའི་གསུམ་བཅུའི་དུས་དྲན་ཉིན། ནེའུ་ཡོག་ཏུ་རང་བཙན་འབོད་སྒྲ་བཀག་སོང་།
རྩོམ་པ་པོ་པད་མ་ཡོ་ཁོ། བསྒྱུར་མཁན། འཇིགས་མེད་ནུབ་པ།
དེ་རིང་ངའི་སྙིང་ལ་ཆག་གྲུམ་ཤོར་སོང་། འདི་ནི་ངའི་མི་ཚེའི་ནང་དུ་ཐེངས་དང་པོར། ངེད་ཀྱི་མི་མང་གིས་ངས་བོད་རང་བཙན་ཆེད་སྐད་འབོད་བྱས་བ་དེ་ཕྱི་ལ་གཡུགས་གྲབས་བྱས་སོང་། དེ་རིང་ངས་རང་གི་མིག་མདུན་དུ་བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་གཉིས་ཁ་འཐོར་དུ་འགྲོ་བཞིན་པ་མཐོང་སོང་།
བོད་མི་ཞིག་གམ་ཡང་ན་བོད་རིགས་ཚོགས་པའི་འགོ་གཙོའམ་ཡང་ན་ལས་འགུལ་བཀོད་སྒྲིག་བྱེད་མཁན་ཞིག་གིས་ང་ལ་ངོ་ཚ་མེད་པ། ཞབས་འདྲེན་ཞེས་སྡུག་དམོད་བྱེད་གི་རེད་བསམ་པ། ངའི་ཡིད་ལ་འཁོར་མ་མྱོང་། ཡིན་ན་ཡང་། དེ་རིང་དེ་དངོས་སུ་བྱུང་སོང་། ནེའུ་ཡོག་གི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྟེང་དུ་བྱུང་སོང་། འདི་ནི་ངའི་མི་ཚེའི་ནང་བློ་ཡུལ་ལས་འགོངས་པའི་ཉམས་མྱོང་ཞིག་རེད་། ལོ་ངོ་བཅོ་ལྔ་ལྷག་ལ་བོད་དོན་ལས་འགུལ་མང་པོ་སྤེལ་བའི་རྗེས་ཀྱི་དེ་རིང་། ང་ཚོས་ད་བར་དུ་འབད་བརྩོན་བྱས་ནས་བརྩིགས་པའི་བོད་དོན་དེ་འཐོར་ཞིག་ལ་འགྲོ་སྲིད་པའི་འབྱུང་འགྱུར་ཞིག་མཐོང་སོང་།
དེ་རིང་གི་ལས་འགུལ་བཀོད་སྒྲིག་པས་སེམས་ཤུགས་གཅོག་པ་དང་ཁོང་ཁྲོ་དྲག་པོ་སྟོན་བཞིན། བོད་རང་བཙན་དང་རྒྱ་མི་བོད་ནས་ཕར་རྒྱུགས་ཟེར་བའི་འབོད་ཚིག་ཅན་གྱི་འཕྲེད་དར་འཛིན་མཁན་བོད་མི་རྣམས་ལས་འགུལ་གྱི་ཕྱི་ལ་ཕུད་ཐབས་བྱས་སོང་། ད་དུང་། ཁོང་ཚོའི་ཁྲོད་ཀྱི་མི་ཁ་ཤས་ཉེན་རྟོག་པའི་རྩར་སོང་ནས་ང་ཚོ་འགོག་དགོས་བའི་རོགས་རམ་སློང་གི་འདུག ལྷག་པར་དུ་། བཀོད་སྒྲིག་པ་གཅིག་གིས་ང་ཚོར། ངོ་རྒོལ་ལས་འགུལ་འདིའི་ཁྲོད་དུ་འབོད་ཚིག་འདི་དག་མི་དགོས། ང་ཚོ་ལས་འགུལ་འདི་བཀོད་སྒྲིག་བྱེད་མཁན་ཡིན། བོད་རང་བཙན་དང་རྒྱ་མི་བོད་ནས་ཕར་རྒྱུགས་ཟེར་བའི་འཕྲེད་དར་དག་བེད་སྤྱོད་གཏོང་ཆོག་གི་མ་རེད་ཅེས་བརྗོད་སོང་། ད་དུང་། ཁོང་ཚོས་ཉེན་རྟོག་པར་རེ་སྐུལ་བྱས་ནས་ང་ཚོ་མང་པོ་ཞིག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཐང་ཆེན་ལ་ཡང་འགྲོ་ཐུབ་མ་སོང་། ཉེན་རྟོག་པ་རྣམས་ཁོང་ཚོའི་རེ་སྐུལ་དེར་ཧ་ཅང་མགོ་འཐོམས་ན་ཡང་། དེ་ལྟར་བྱས་སོང་།
ད་དུང་། ནེའུ་ཡོག་དང་ནེའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་ཆེ་ཡིས་ང་ཚོའི་གྲོགས་པོ་གཅིག་ལ་འཇིགས་སྐུལ་ཡང་བྱས་སོང་། ཁོང་གིས་བརྗོད་རྒྱུར། “གཟབ་གཟབ་བྱོས། སོ་སོར་མིང་ཆད་མ་བཟོ། ཁྱེད་རང་གིས་མྱངས་གི་རེད་། བོད་རང་བཙན་སློབ་ཕྲུག་ཚོགས་པས་མྱངས་གི་རེད་། ཁྱོད་ཀྱི་ནང་མིས་མྱངས་གི་རེད་།” འདི་ནི་རྒྱུ་མཚན་གཞན་ཅི་ཡང་མ་ཡིན་པར། ང་ཚོའི་གྲོགས་པོས། “གསུམ་བཅུའི་དུས་དྲན། བོད་རང་བཙན།” ཟེར་བའི་འཕྲེད་དར་ཞིག་བཟུང་ཡོད་པས་རྐྱེན་གྱིས་རེད། ད་དུང་དྲུང་ཆེ་འདི་ཡིས་སྟེགས་བུའི་སྟེང་དུ་མི་མང་ལ་སྐད་ཤུགས་ཆེན་པོས། ལས་འགུལ་བཀོད་སྒྲིག་བྱེད་མཁན་རྣམས་ཀྱིས་༧གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་བྱས་སོང་། ཁོང་གིས་མི་མང་ལ་མགོ་སྐོར་བཏང་ནས། ང་ཚོ་ནི་༧གོང་ས་མཆོག་དང་བོད་གཞུང་ལ་ཁ་གཏད་གཅོག་མཁན་ཡིན་པའི་སྣང་བརྙན་དེ་བསྐྲུན་ཐབས་བྱས་སོང་། ང་རང་སེམས་གཏིང་ནས་སྐྱོ་བྱུང་། ཁོང་ཚོས་༧གོང་ས་མཆོག་གི་མིང་བེད་སྤྱོད་བཏང་ནས་ཆབ་སྲིད་འཁྲབ་པ་ནི་ཇི་འདྲའི་ཐབས་སྐྱོ་བོ་ཞིག་མ་རེད་དམ། ཡིན་ན་ཡང་། ཁོང་ཚོས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་རྣམས་རྟོགས་ཀྱི་ཡོད་མ་རེད་། ངའི་མི་ཚེའི་ནང་དུ་། ང་རང་སྒེར་གྱི་སེམས་ཤུགས་ཀྱི་འབྱུང་ཁུངས་ཨ་མ་དེ་༧སྐྱབས་མགོན་རིན་པོ་ཆེ་ཡིན། ཁོང་གི་ལམ་སྟོན་འོག ༧སྐྱབས་མགོན་རིན་པོ་ཆེ་ཡིས་བོད་མི་རྣམས་ཀྱི་རྒྱུད་ལ་མང་གཙོའི་འཆར་སྣང་དང་བཟོད་སྒོམ་གྱི་རིན་ཐང་། བསམ་ཚུལ་སྣ་ཚོགས་ལ་གུས་བཀུར་བྱེད་པའི་སྲོལ་བཟང་ཞིག་བཏབ་ཡོད་པ་རེད་།
ཁོང་ཚོའི་བྱ་སྤྱོད་དེ་ཇི་འདྲའི་ཐབས་སྐྱོ་བ་ཞིག་ཡིན་མིན་ལ་མ་ལྟོས་པར། ངས་ལས་འགུལ་བཀོད་སྒྲིག་པ་ཚོའི་ལྷན་དུ་རྒྱུ་མཚན་ཡོད་པའི་སྒོ་ནས་སྐད་ཆ་བཤད་ཐབས་བྱས་བ་ཡིན། ཡིན་ན་ཡང་། ངས་ཁོང་ཚོར་སྐད་ཆ་བཤད་ན་ཁོང་ཚོས་ཉན་འཇོག་བྱེད་རྒྱུ་ཕར་ཆོག སྐད་ཆར་ཉན་གི་ཡང་མི་འདུག ཁོང་ཚོས་ངའི་མཉམ་དུ་སྐད་ཆ་མི་བཤད་པ་མ་ཟད་། ངའི་སྒང་ལ་སྐད་ལོག་བརྒྱབ་ནས་ད་དུང་ང་ལ་ངོ་ཚ་རྒྱུ་མེད་མཁན་ཞེས་མིང་ནས་བོས་སོང་། ངས་ཁོང་ཚོའི་ལག་ཏུ་བཟུང་བའི་རྒྱ་ནག་དང་ལྷན་དུ་གྲོས་མོལ་བྱེད་པར་རྒྱབ་སྐྱོར་དགོས་ཟེར་བའི་འཕྲེད་དར་དག་ལ་བལྟས་པ་ཡིན། ཡིན་ན་ཡང་། ང་ལ་ཚོར་སྣང་ཁྱད་མཚར་བ་ཞིག་བྱུང་། བོད་དོན་འཐབ་རྩོད་ཁྲོད་དུ་ཁོང་ཚོས་བོད་མི་ཕན་ཚུན་ལ་ཡང་གྲོས་མོལ་བྱེད་མི་ཐུབ་ན། རྒྱ་ནག་ལ་ཇི་ལྟར་གྲོས་མོལ་བྱེད་དམ།
ང་དེ་རིང་ལས་འགུལ་བཀོད་སྒྲིག་པ་ཞིག་མ་ཡིན་པར། བོད་མི་དཀྱུས་མ་ཞིག་གི་ངོ་བོ་ནས་ལས་འགུལ་ལ་མཉམ་ཞུགས་བྱས་པ་ཡིན། ང་རང་ལོ་ན་ཆུང་དུས་ནས་བཟུང་བོད་དོན་ལས་འགུལ་ལ་མཉམ་ཞུགས་བྱེད་རྒྱུ་མཚམས་བཞག་མ་མྱོང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་མི་འདོད་བཞིན་དུ་གསུམ་བཅུའི་དུས་དྲན་བཀོད་སྒྲིག་ཚོགས་ཆུང་ནས་ཕྱིར་འཐེན་བྱེད་དགོས་དོན་ནི། ཚོགས་པ་གཞན་གྱི་འགོ་འཁྲིད་ཁག་གིས་ཚོགས་ཆུང་གི་ཁོངས་སུ་ང་ཚོའི་ལྟ་ཚུལ་དང་བསམ་ཚུལ་གཉིས་ཀར་གོ་གནས་མེད་པ་ཐག་གཅོད་བྱས་སོང་། ང་ཚོས་སྤྱི་ལོ་༡༩༩༤ ལོ་ནས་ད་བར་དུ་ནེའུ་ཡོག་གཙོས་བའི་འཛམ་གླིང་ཡུལ་གྲུ་གང་སར་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་བཀོད་སྒྲིག་ལ་རོགས་རམ་ཤུགས་ཆེན་བྱས་ཡོད་རུང་། ད་ཐེངས་ཁོང་ཚོས་ང་ཚོ་ཡང་ནས་ཡང་དུ་བཀག་འགོག་བྱས་སོང་།
བཀོད་སྒྲིག་ཚོགས་ཆུང་ནས་ཕྱིར་འཐེན་བྱེད་པའི་ང་ཚོའི་ཐག་གཅོད་དེ་ཧ་ཅང་ཁག་པོ་བྱུང་། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གཙོས་བའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་གསུམ་བཅུའི་དུས་དྲན་བཀོད་སྒྲིག་བྱས་མྱོང་བའི་ང་རང་སྒེར་བའི་ཉམས་མྱོང་ལྟར་ན། ང་ཚོས་གཞོན་ནུ་རྣམས་ཀྱི་སྤོབས་པ་དང་འཇོན་ནུས། ལྷག་བསམ། སེམས་ཤུགས་བཅས་དུས་དྲན་ལ་ཁྱེར་ཡོང་གི་ཡོད་པ་རེད་། ང་ཚོས་ད་དུང་བོད་མི་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱང་ཁྲིད་ནས་ཡོང་གི་ཡོད་པ་རེད་། ང་ཚོའི་ལས་འགུལ་ཁག་ལ་ཕྱི་རྒྱལ་རྒྱབ་སྐྱོར་གནང་མཁན་ཡོད་པ་དེས་ག་རེ་སྟོན་གྱི་ཡོད་རེད་ཟེར་ན། བོད་ཀྱི་རྩ་དོན་དེ་བོད་མི་གཅིག་པོའི་གནད་དོན་ཞིག་མ་ཡིན་པར། རྒྱལ་སྤྱིའི་གནད་དོན་ཞིག་ཀྱང་ཡིན་པ་སྟོན་གི་ཡོད་པ་རེད་།
ཡིན་ན་ཡང་། དེ་རིང་། ང་ཚོར་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་བ་རྣམས་ལ་ཆེ་མཐོང་སྤྲོད་རྒྱུའི་ཚབ་ལ། བཀོད་སྒྲིག་གནང་མཁན་ཚོས་ང་ཚོར་རྒྱབ་སྐྱོར་གནང་མཁན་རྣམས་ལ་བག་ཆགས་ངན་པ་འཇོག་པའི་ཁོར་ཡུག་ཅིག་བསྐྲུན་སོང་། དེ་རིང་། བོད་དོན་རྒྱབ་སྐྱོར་བ་གཉིས་ལ་ང་ཚོ་རང་གི་མིས་རྣམ་འགྱུར་ངན་པ་སྤེལ་བ་དེ་ང་རང་གིས་དངོས་སུ་མཐོང་བྱུང་། རྒྱུ་མཚན། ཁོང་གཉིས་ང་ཚོའི་ལྷན་དུ་ཡོད་པས་རེད་། ང་ཚོ་རང་བཙན་རྩོད་མཁན་རྣམས་ཀྱི་མཉམ་དུ་ཡོད་པས་རེད་། ངའི་ལས་གྲོགས་ལུའུ་སི་(Lucy)ཡིས་མི་ཚོགས་ཀྱི་ཁྲོད་དུ་ཡོད་པའི་བོད་པའི་བུད་མེད་ཞིག་ལ། “ང་ཚོ་རྒྱ་ནག་གཞུང་ཚབ་ཁང་དུ་ད་ལྟ་འགྲོ་གི་རེད་དམ།” ཞེས་དྲིས་པར། བུད་མེད་དེས་ལུའུ་སི་ཡི་གདོང་ལ་མཛུབ་མོ་བཀེར་བཞིན་དུ་། “ངས་ཁྱོད་ཀྱི་མཉམ་དུ་སྐད་ཆ་བཤད་གི་མིན་” ཟེར། ད་དུང་། ༡༩༨༥ ལོར་བོད་ལ་བསྐྱོད་ཅིང་། དུས་དེ་ནས་བཟུང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ང་ཚོའི་རྒྱབ་སྐྱོར་བ་རྒན་པ་ཞིག་ཧ་ཅང་སེམས་སྐྱོ་ཞིང་། ཁྱིམ་དུ་ལོག་སོང་།
ང་ཚོ་ཅི་ཞིག་ཆགས་བཞིན་ཡོད་དམ། ཅིའི་ཕྱིར་ང་ཚོ་འཐོར་ཞིག་ཏུ་འགྲོ་གི་ཡོད་པ་རེད་། ངའི་བསམ་ཚུལ་ལ་འདི་ནི་འཐོར་ཞིག་དངོས་མ་ཞིག་མ་རེད་། ང་ཚོ་སོ་སོའི་ལུང་པ་དང་མི་རིགས་ཀྱི་འཚོ་གནས་ཆེད་དུ་འཐབ་རྩོད་ཁྲོད་ལྷུང་ནས་ཡོད་པ་རེད་། ང་ཚོར་བསམ་ཚུལ་མི་འདྲ་བ་ཡོད་སྲིད་། ཡིན་ན་ཡང་། ཕུགས་ལ་ང་ཚོས་བསམ་ཚུལ་མི་མཐུན་པ་རྣམས་ཟུར་ལ་བཞག་ནས་མཉམ་དུ་ལས་ཀ་བྱེད་དགོས་རེད་། འོན་ཀྱང་། མཉམ་ལས་བྱེད་པ་ལ་ང་ཚོ་ཚང་མ་ལམ་གཅིག་དང་ཐིག་གཅིག་གི་ནང་ལ་སྡོད་དགོས་མ་རེད་། ང་ཚོས་སོ་སོ་དང་བསམ་ཚུལ་ཅུང་མི་མཐུན་པ་བྱུང་ན་དེ་ཕྱི་ལ་འབུད་པ་དང་མཐའ་ལ་འདེད་པ། ཁུ་སིམ་མེར་བཟོ་བ་སོགས་བྱེད་མི་ཉན། དེ་ལྟར་བྱས་ན་རྒྱ་ནག་གཞུང་ལ་དགོས་རྒྱུ་དེ་རེད། ཁོང་ཚོས་བོད་ནང་དུ་ལག་བསྟར་བྱེད་བཞིན་པ་ཡང་དེ་རེད། འདི་ནི་བོད་མི་རྣམས་ཀྱིས་བསྐྲུན་འདོད་པའི་འཛམ་གླིང་དེ་མ་རེད།
དེ་རིང་གི་ཉིན་མོ་འདི་ལ་བསྐྱར་དུ་བསམ་ན། ངོ་ཚ་བའི་བྱ་སྤྱོད་གཅིག་རང་མཐོང་བ་ནི། ནེའུ་ཡོག་དང་ནེའུ་འཇར་སིས་བོད་རིགས་ཚོགས་པའི་འགོ་འཁྲིད་དག་གིས། ཁྱོད་གསུམ་བཅུའི་དུས་དྲན་ལ་བཅར་ཆོག་དང་ཁྱོད་མི་ཆོག་ཟེར་ནས་མི་མང་དབྱེ་བགོས་བྱེད་བཞིན་པའི་བྱ་སྤྱོད་དེ་རེད་། གསུམ་བཅུའི་དུས་དྲན་སྲུང་བརྩི་དང་དེ་ལ་མཉམ་ཞུགས་བྱེད་པ་ནི་བོད་མི་རྣམས་ལ་སྐྱེས་ཙམ་ནས་ཡོད་པའི་ཐོབ་ཐང་ཞིག་རེད། བོད་ནང་དུ་དཔའ་ངར་ལྡན་པའི་སྒོ་ནས་རྒྱ་ནག་གཞུང་གི་གཉའ་གནོན་ལ་ཁ་གཏད་གཅོག་མཁན་གྱི་བོད་མི་རྣམས་ཀྱི་སླད་དུ། སྐད་འབོད་བྱེད་རྒྱུ་ནི་ང་ཚོའི་འོས་འགན་རེད་། དུས་དྲན་འདི་ནི་མི་མང་གི་ཆེད་དུ་བཀོད་སྒྲིག་བྱས་བའི་དུས་དྲན་ཞིག་རེད་ལ། གཙོ་བོ་ལོ་རྒྱུས་ཁྲོད་བྱུང་བའི་བོད་མིའི་ཡར་ལངས་ལ་དྲན་གསོ་དང་སྲུང་བརྩིའི་སླད་དུ་རེད། འདི་ནི་གང་ཟག་རེ་གཉིས་ཀྱིས་སྟངས་འཛིན་བྱ་ཆོག་པའི་དུས་དྲན་སྒེར་བ་ཞིག་མ་རེད། གསུམ་བཅུའི་དུས་དྲན་ནི་ཚོར་བའི་ཉིན་མོ་ཞིག་རེད། ལོ་རྒྱུས་ཀྱི་ཉིན་མོ་ཞིག་རེད། ང་ཚོས་རྒྱ་གཞུང་གིས་བཙོན་འཇུག་དང་དམར་གསོད་བྱས་ཚར་བའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བྱེད་པའི་ཉིན་མོ་ཞིག་ཀྱང་རེད། ལྷག་པར་དུ། འདི་ནི་བོད་ནང་དུ་བཞུགས་པའི་བོད་མི་སྤུན་ཟླ་རྣམས་ཀྱི་ཆེད་དུ་སྐད་འབོད་བྱེད་པའི་ཉིན་མོ་ཞིག་ཀྱང་རེད་།
མཐར་ཐུག་ན། ངས་བསམ་པར་དེ་རིང་གསུམ་བཅུའི་དུས་དྲན་འཕྲོགས་མཁན་གྱི་བཟོད་སྒོམ་མེད་པའི་བོད་མི་འདི་དག་གིས་བོད་པའི་འཐབ་རྩོད་ལ་བརྩི་བཀུར་བྱས་མེད་པ་མ་ཟད་། དབུ་མའི་ལམ་ལ་ཡང་བརྩི་འཇོག་བྱས་ཡོད་པ་མ་རེད། གང་ལྟར། ང་ཚོས་ཁོང་ཚོའི་ཐལ་དྲགས་པའི་བྱ་སྤྱོད་དེས་བོད་ཀྱི་འཐབ་རྩོད་ལ་གནོད་སྐྱེལ་འཇུག་གི་མིན། འཇིགས་སྐུལ་གྱི་ཐབས་ལམ་སོགས་གང་ཞིག་ཁོང་ཚོས་རྗེས་མར་བེད་སྤྱོད་བཏང་ཡང་རུང་། ང་ཚོས་ནམ་ཡང་གསུམ་བཅུའི་དུས་དྲན་གྱི་འབོད་སྒྲ་སྟེ། བོད་རང་བཙན། རྒྱ་མི་བོད་ནས་ཕར་རྒྱུགས་ཟེར་བའི་འབོད་ཚིག་དེ་ལོ་རྒྱུས་ཁྲོད་བརྟན་པོར་ཉར་གི་ཡིན།།