སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་འགན་འཛིན་འོས་འདེམས།

ཟླ་༩ ཚེས་༡༦ ཉིན་གྱི་སྔ་དྲོ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་པའི་ཐོག རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་དུ་འདེམས་ཐོན་བྱུང་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། ཚོགས་ཆུང་ནས་སྤྱི་ཁྱབ་རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་དང་། ཤེས་རིག་དྲུང་འཕར་བཀྲ་ཤིས་སྟོབས་རྒྱལ་གཉིས་སྤྱི་ཁྱབ་རྩིས་ཞིབ་ཁང་གི་འགན་འཛིན་གྱི་འོས་མིར་བསྐོ་བཞག་བྱུང་བ་ལྟར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཉིན་བཞི་པའི་ཐོག ངོ་ཡོད་སྤྱི་འཐུས་ ༣༩ ནས་གསང་བའི་འོས་ཤོག་འཕངས་ཏེ་མགོན་པོ་བཀྲ་ཤིས་ལ་འོས་གྲངས་ ༣༦ ཐོབ་སྟེ། སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་དུ་བདམས་ཐོན་བྱུང་ཡོད་པ་རེད།

སྐུ་ཞབས་མགོན་པོ་ཕུན་ཚོགས་ནི་ཕྱི་ལོ་ ༡༩༥༣ ལོར་བོད་སྡེ་དགེ་དཔལ་ཡུལ་དུ་སྐྱེས་པ་དང་། ༡༩༦༣ ལོར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ནས་སློབ་གཉེར་གནང་རྗེས། ཀར་ཎ་ཀྲ་ཀ་གཙུག་ལག་སློབ་གཉེར་ཁང་ནས་རྩིས་ཀྱི་མཐོ་སློབ་ཏུ་བསྐྱོད།

དེ་རྗེས་བཙན་བྱལ་ནང་གི་ས་གནས་འདྲ་མིན་ལས་ལས་དོན་བསྒྲུབས་པ་དང་། ༡༩༩༡ ལོར་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས་ཀྱིས་དཔལ་འབྱོར་འདུ་འགོད་རྩིས་པའི་ལས་འཁུར་དང་། ༡༩༩༢ ལོའི་ནང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དགོངས་དོན་དྲུང་ཆེ་གཞོན་ པའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༦ ལོར་ཨ་རིར་ལོ་གཅིག་གཞུང་འབྲེལ་སློབ་བསྐྱོད། ཕྱི་ལོ་ ༡༩༩༧ ལོར་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དུ་བསྐོ་བཞག ཕྱི་ལོ་ ༡༩༩༩ ལོར་བཀའ་དྲུང་ཡིག་ཚང་དུ་གནས་སྤོས།

ཕྱི་ལོ་ ༢༠༠༢ ལོར་དྲུང་ཆེ་ལས་འཕར་གྱི་གནས་རིམ་ཐོག་གནས་སྤར་དང་འབྲེལ་ཆོས་རིག་ལས་ཁུངས་སུ་ གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༤ ནས་ཟླ་ ༩ བར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་དང་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༨ ཉིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ངོ་མར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༠ ལོར་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དུ་གནས་སྤོས་ཀྱིས་དྲུང་ཆེའི་ལས་འཁུར་ཞུས་ཡོད་པ་རེད།།