གསར་འགོད་རང་དབང་དང་འབྲེལ་བའི་རོལ་དབྱངས་འདུ་འཛོམས།

ཕྱི་ཟླ་༥ ཚེས་༥ ཉིན་ནི་རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཀྱི་ཉིན་མོ་ཡིན་པ་དང་། དགོང་མོ་དེར་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་སྤྱིར་གསར་འགོད་རང་དབང་སྲུང་སྐྱོབ་དགོས་པ་དང་། བོད་ནང་དུ་གསར་འགོད་རང་དབང་མེད་པའི་སྐོར་གླེང་སློང་ཆེད་རོལ་དབྱངས་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

རོལ་དབྱངས་ཚོགས་པ་དེའི་གཞས་གཏོང་མཁན་གཙོ་བོ།
རོལ་དབྱངས་ཚོགས་པ་དེའི་གཞས་གཏོང་མཁན་གཙོ་བོ།

རོལ་དབྱངས་འདུ་འཛོམས་དེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་ཀྱི་ཟློ་གར་ཚོགས་པ་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བྷིག་ བྷེང་ བྷུ་ལུ་སི་(Big Bang Blues)ཞེས་པའི་རོལ་དབྱངས་ཚོགས་པ་གདན་ཞུ་བྱས་ཡོད་པ་རེད། ཁོང་ཚོས་ཨ་རིའི་ནང་མི་རིགས་ནག་པོས་དཀའ་སྡུག་མྱོང་བའི་སྐབས་དར་པའི་“བྷུ་ལུ་སི་”ཞེས་པའི་གཞས་རིགས་གཏོང་གི་ཡོད་པ་རེད།

རོལ་དབྱངས་ཚོགས་པ་དེས་གསར་འགོད་རང་དབང་སྲུང་སྐྱོབ་དང་འབྲེལ་བོད་ནང་གི་གསར་འགོད་རང་དབང་དང་། བོད་དོན་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་བྱུང་བར་དགའ་པོ་བྱུང་ཡོད་སྐོར་དང་། མ་འོངས་པར་ཡང་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ལ། ༡༩༩༤ ལོར་རྒྱལ་སྤྱིའི་ཐོག་ནས་ཕྱི་ཟླ་༥ ཚེས་༤ དེ་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་བྱེད་རྒྱུར་གཏན་འབེབས་བྱས་ཡོད་པ་རེད།

ཚོགས་གཙོ་སྤེན་པ་ཚེ་རིང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།

རོལ་དབྱངས་འདུ་འཛོམས་དེའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསར་འགོད་རང་དབང་དང་འབྲེལ་བའི་གསུང་བཤད་གནང་དོན། “སྤྱིར་བཏང་རྒྱལ་སྤྱིའི་ཐོག་གསར་འགོད་རང་དབང་ཡག་ཏུ་སོང་ཡོད་ནའང་། འཛམ་གླིང་ཐོག་རྩོད་རྙོག་ག་ཚོད་མང་པོ་ཡོད་ན། དེར་གཞུང་འཛིན་པ་ཚོས་གསར་འགོད་རང་དབང་བཀག་བསྡོམས་དང་སྟངས་འཛིན་ཤུགས་ཆེ་རུ་གཏོང་གི་ཡོད་པས། གསར་འགོད་རང་དབང་ལ་དོ་ཕོག་འགྲོ་ཡི་ཡོད་པ་རེད། བོད་ནང་ལ་མཚོན་ན་རྒྱ་ནག་གཞུང་གིས་གསར་འགོད་པ་གཏོང་གི་ཡོད་པ་མ་རེད། དེང་སྐབས་གནས་ཚུལ་ག་རེ་ཡིན་ཡང་དཔང་རྟགས་དགོས་ཀྱི་ཡོད་པས། དཔང་རྟགས་མེད་པ་བཟོ་ཆེད་དུ་གསར་འགོད་པ་བོད་ནང་གཏོང་གི་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་ཁ་ནས་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་ཟེར་གྱི་ཡོད་ནའང་། སྦས་དགོས་པའི་གནས་ཚུལ་མང་པོ་ཞིག་ཡོད་པས། གསར་འགོད་པ་དང་། རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ། རང་དབང་ཅན་གྱི་སྡེ་ཚན་གྱི་སྐུ་ཚབ་སོགས་བོད་ནང་འགྲོ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་རེད་”ཅེས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་གྱི་གསར་འགོད་རང་དབང་གི་སྙན་ཐོའི་ནང་འཛམ་གླིང་གི་གསར་འགོད་དབང་སྐྱོ་ཤོས་ཀྱི་ནང་སླེབས་ཀྱི་ཡོད་སྐོར་དང་། རྒྱ་ནག་རྒྱལ་ཁབ་ཀྱི་ཆེད་དང་བོད་ནང་གི་ནང་གི་ཆེད་དུ་གསར་འགོད་རང་དབང་དགོས་ཀྱི་འདུག་ཅེས་རྒྱ་ནག་གི་དཔོན་རིགས་ཚོར་འབོད་སྐུལ་གནང་གི་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ཟློས་གར་ཚོགས་པ།
བོད་ཀྱི་ཟློས་གར་ཚོགས་པ།

དེ་བཞིན་ཚོགས་གཙོས་དེ་རིང་འདིར་མི་མང་པོ་འཛོམས་དེ་ཡག་པོ་ཡིན་སྐོར་དང་། མི་མང་གཞུང་འབྲེལ་མཛད་སྒོ་སོགས་ལ་ཡང་མང་པོ་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

མཇུག་ཏུ་བོད་ཀྱི་ཟློས་གར་ཚོགས་པ་དང་། བྷིག་ བྷེང་ བྷུ་ལུ་སི་རོལ་དབྱངས་ཚོགས་པ་གཉིས་ཀྱིས་གཞས་སྣ་འདྲ་མིན་འཁྲབ་སྟོན་བྱས་པ་དང་། ལྟད་མོ་བ་ཡང་ཧ་ཅང་མང་པོ་འཛོམས་བྱུང་སྟེ། ཟློས་གར་ཐང་སྟེང་དུ་གཞས་པ་ཚོས་འཁྲབ་སྟོན་དང་མཉམ་དུ་ལྟད་མོ་བས་གཞས་བཏང་སྟེ་གཞོགས་འདེགས་དང་འབྲེལ་དེང་དུས་ཀྱི་རང་དབང་བྲོ་གར་འཁྲབ་སྟོན་བྱས་ཡོད་པ་རེད། ཟློས་གར་ཚོགས་པའི་ཕོ་སར་ཞིག་གིས་བོད་རང་བཙན་དང་འབྲེལ་བའི་གཞས་ཤིག་གཏོང་སྐབས། སྔར་དང་མི་འདྲ་བར་ལྟད་མོ་བ་ཕོ་སར་མོ་སར་ཁག་ཅིག་གིས་ཚོར་ཤུགས་ཆེན་པོས་བོད་རང་བཙན་ཞེས་འབོད་སྒྲ་ཤུགས་ཆེན་བསྒྲགས་ཡོད་པ་རེད།།