ཆིངས་ཡིག་དོན་ཚན་ ༡༧ གྱི་རྒྱབ་ལྗོངས་གསར་པ།

                                                     ཉག་རོང་དོན་གྲུབ་ནས།         ལྐོག་གཡོའི་མགོ་སྐོར་ཐེབས་པ།     མདང་དགོང་བོད་ཟླ་ ༠༢ པའི་ཚེས་ ༢༡ དང་ཕྱི་ཟླ་ ༠༣ པའི་ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༠༤ པའི་ཐོག །ཨ་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ས་མཐོ་ཨེ་ཤ་ཡའི་དཔེ་མཛོད་ཁང་དུ། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ནས། ཁོང་གི་གསར་བྲིས་དེབ་ཐེར་(བརྗེད་ཟིན་པའི་གངས་རིའི་བྲག་ཆའི་)ནང་གི་ཆ་ཤས། ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་རྒྱབ་ལྗོངས་སྐོར་ལ་གཏམ་བཤད་ཅིག་གནང་དོན།   “དམག་རྒྱག་ཡ་ལ་དམག་ཕྱིར་འཐེན་བྱེད་རྒྱུ་ལ་གལ་ཡོད་མ་རེད། ལྷ་ཀླུས་བློ་སྤོབས་ཆེན་པོའི་ཐོག་དམག་ཕྱིར་འཐེན་གནང་ཡོད་རེད། ལྷ་ཀླུས་དམག་འཛིང་གིན་འཛིང་གིན་ཕྱིར་བྲོས་བརྒྱབས་པ་རེད། ང་ཕོད་མ་གཏོགས་མགོ་བཏགས་ཞུས་ཡོད་མ་རེད། དེ་ནས་ང་ཕོད་ཀྱིས་ཞབས་འདྲེན་ཞུས་པ་རེད་”ཅེས་དང་།  “ད་ཆིངས་ཡིག་དོན་ཚན་ ༡༧ སྐོར་དེ་ནམ་རྒྱུན་ང་ཚོས་བཤད་བཞིན་པའི་མེ་མདའི་འོག་གི་བཙན་གནོན་དང་། ས་ཆ་ཏོག་ཙམ་འཕྲོགས་པ། བཙན་དབང་ཏོག་ཙམ་བཏང་བ་ཟེར་བ་གཅིག་པོ་མ་རེད། […]

རྒྱ་ནག་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་གྱིས་རྒྱ་མི་ཨ་རིར་གནས་སྤོ་མཁན་མང་དུ་ཕྱིན།

ཟླ་འདིའི་ཚེས་༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་གནས་སྤོས་ཡུལ་མི་བླུགས་པའི་གྲུ་གཟིངས་ཤིག་མེག་སི་ཀོའི་ལྷོ་རྒྱུད་ཨོ་ཛ་ཁ་(Oaxaca) ་ཞེས་པའི་མཚོ་འགྲམ་དུ་མགོོ་རྟིང་ལོག་ནས་གནས་སྤོས་ཡུལ་མི་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག གནས་ཚུལ་དེ་ཐོག་མ་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ལ་བྱུང་ཞིང། གྲུ་གཟིངས་ནང་ཡོད་པའི་སྐྱེས་པ་གཅིག་མ་གཏོགས་བུད་མེད་བདུན་དང་སྐྱེས་པ་གཅིག་བཅས་མི་བརྒྱད་ཤི་ཡོད་པ་དང་། མེག་སི་ཀོའི་དབང་འཛིན་པའི་ལས་ཁུངས་ཀྱིས་གཟའ་མཇུག་ཏུ་དོན་རྐྱེན་དེར་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་ཡོད་འདུག ཉེ་བའི་ལོ་ཤས་ནང་མེག་སི་ཀོ་ནས་ཨ་རིར་འགྲོ་མཁན་མང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༢༡ ལོར་ཁྲིམས་འགལ་གྱིས་ཨ་རི་ལ་གནས་སྤོ་ཡོང་མཁན་ས་ཡ་༦.༣ བརྒལ་འདུག ལྷག་པར་དུ་རྒྱ་ནག་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་དང་གནོན་ཤུགས་དབང་གིས་ཨ་རི་ལ་བྲོས་བྱོལ་ཡོང་མཁན་མང་ཆེ་བ་ནི་རྒྱ་མི་ཆགས་ཡོད་འདུག ན་ནིང་ཨ་རི་དང་མེག་སི་ཀོའི་ས་མཚམས་སུ་རྒྱ་མི་༣༧༠༠༠ ལྷག་བཀག་སྐྱིལ་བྱས་པ་དང་། ལོ་གཉིས་གོང་དང་བསྡུར་ན་ལྡབ་༥༠ ཙམ་འཕར་ཡོད་འདུག ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་པོ་དེ་བསླེབ་ལ་ཉེ་བ་དང་། འོས་བསྡུའི་ཁྲོད་གླེང་སློང་བྱེད་སའི་ལྟེ་བ་ཞིག་ནི་ཁྲིམས་འགལ་གྱི་གནས་སྤོ་བ་ཚོ་གྱུར་ཞིང་། ཁྲིམས་འགལ་གྱི་གནས་སྤོ་དང་འབྲེལ་ཨ་རིའི་གཞུང་གིས་མེག་སི་ཀོ་ལ་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་བདེ་བླག་ངང་གྲོལ་སོང་།

ཕྱི་ལོ་༢༠༢༤ ཟླ་༣ ་ཚེས་༢༩ རེས་གཟའ་པ་སངས་ཀྱི་སྔ་དྲོར་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་བདེ་བླག་ངང་གྲོལ་སོང་། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་ཟླ་འདིའི་ཚེས་༡༨ ནས་ཚེས་༢༩ སྔ་དྲོ་བར་འཚོགས་ཡོད་པ་དང་།  དུས་ཡུན་དེའི་རིང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་དང་སྤྱི་ཡོངས་ཀྱི་བགྲོ་གླེང་རྣམས་ལྷུག་པོར་གནང་ཐོག ཁྲིམས་བཟོའི་ལས་དོན་ཐད་སྒྲིག་གཞི་ཁག་བདུན་ཙམ་བསྐྱར་བཅོས་ཐུབ་པ་དང་། དེའི་ནང་ནས་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་༥༦ དང་། བཟོ་བཅོས་ཁྲིམས་འཆར་༩། གསར་འཇུག ༤ ། ཕྱིར་བསྡུ་༡ ། དཔྱ་དངུལ་ཆག་ཡང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་༡༢་པ་བསྐོ་བཞག བཀའ་ཤག་གི་འདས་པའི་ལོ་ངོ་ཉི་ཤུའི་དཔལ་འབྱོར་འཕར་བབ་ཀྱི་སྙན་ཐོ། གཞན་ཡང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་བཅས་གཏན་འབེབས་གནང་ཡོད་པ་རེད། དེ་བཞིན་དེ་རིང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་ཡིག་ཆ་ཨང་ ༤༢ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༣་་་༢༠༢༤ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༣,༣༣༧,༧༡༩,༥༤༠ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༡༤༣,༢༢༢,༧༡༩ དང་། དོན་ཚན་གཉིས་པ། འགྲོ་སོང་། “རྩིས་ལོ་ ༢༠༢༣་་༢༠༢༤ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་ཐོག་བར་བརྒལ་བཀའ་འཁྲོལ་ཞུས་བསྩལ་བསྣན་པའི་མཐའ་མའི་ཕྱོགས་བསྡོམས་འགྲོ་གྲོན་སྔོན་རྩིས་བསྡོམས་སྒོར་ ༣,༤༥༡,༣༩༣,༩༩༨ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་གནང་བ་བསྡོམས་སྒོར་ ༡༤༠,༨༠༤,༠༧༧ བཅས་སྙན་སྒྲོན་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།དཔལ་ལྡན་ཚོགས་གཞོན་གྱིས་མུ་མཐུད་ཡིག་ཆ་ཨང་ ༤༣ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༢,༩༦༣,༡༤༤,༧༡༠ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ […]

ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་བདུན་ཕྲག་རྗེས་མར་རྒྱ་ནག་ལ་ལྟ་སྐོར་འགྲོ་འཆར་ཡོད་འདུག

ད་ཆར་རྒྱ་ནག་དང་ཐའེ་ཝན་གཉིས་བར་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པའི་སྐབས་འདིར་། ཐའེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པ་ཡིན་པའི་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་(Ma Ying-jeou)རྒྱ་ནག་ལ་ལྟ་སྐོར་དུ་འགྲོ་འཆར་ཡོད་འདུག་པ་དང་། སྐབས་དེ་དུས་ཞི་ཅིན་ཕེང་དང་ཐུག་འཕྲད་བྱེད་འཆར་ཡོད་འདུག  ཕྱི་ཚེས་༢༨ ཉིན་(Taipel Times)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་(Ma Ying-jeou)རྒྱ་ནག་ལ་ལྟ་སྐོར་འགྲོ་ཆར་ཡོད་འདུག་ལ། གོ་མིན་ཏང་སྲིད་དོན་ཚོགས་པའི་ཚོགས་གཞོན་(Andrew Hsia)ཟེར་བ་དེས། ཁ་སང་གོ་མིན་ཏང་སྲིད་དོན་ཚོགས་པའི་རྒྱུན་ལས་རྣམས་ཚོགས་འདུ་འཚོགས་པ་དང་། སྲིད་འཛིན་ཟུར་པ་རྒྱ་ནག་ལ་ལྟ་སྐོར་འགྲོ་རྒྱུ་དེ་ལ་རྒྱ་ནག་གིས་དགའ་བསུ་ཞུས་ཡོད་ཚུལ། ཐའེ་ཝན་དང་རྒྱ་ནག་གཉིས་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་ཞིག་ཡོང་རྒྱུར་ཕན་ཐོགས་ཡོད་ཚུལ་སོགས་བརྗོད་འདུག དེ་བཞིན་སྲིད་འཛིན་ཟུར་པ་(Ma Ying-jeou)གོ་མིན་ཏང་སྲིད་དོན་ཚོགས་པའི་ནང་གོ་གནས་གང་ཡང་བཟུང་མེད་ཀྱང་། སྒེར་གྱིས་རྒྱ་ནག་ལ་ལྟ་སྐོར་དུ་འགྲོ་ཐུབ་ན་ཐའེ་ཝན་དང་རྒྱ་ནག་བར་ཛ་དྲག་གི་གནས་སྟངས་ལ་ཞི་འཇམ་ཞིག་ཡོང་ཐུབ་རྒྱུར་ཕན་ཐོགས་ཡོད་རྒྱུ་རེད་ཅེས་བརྗོད་འདུག  རྒྱ་ནག་གིས་ཐའེ་ཝན་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་(Chen Binhua)ཟེར་བ་དེས། སྲིད་འཛིན་ཟུར་པ་རྒྱ་ནག་ལ་ལྟ་སྐོར་འགྲོ་རྒྱུ་དེར་རྒྱ་ནག་གི་ཐའེ་ཝན་ལས་དོན་ཚོགས་པས་གྲ་སྒྲིག་ལེགས་པོ་བྱས་པ་ཞིག་ཡིན་པ་དང་། ཚོགས་པའི་རེ་བ་ལ་ཐའེ་ཝན་གྱི་སྲིད་དོན་ཚོགས་པ་ཚང་མའི་འཐུས་མི་རྒྱ་ནག་ལ་ལྟ་སྐོར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྲིད་དོན་ཚོགས་པ་ཚང་མ་ནས་ཡོང་ན་ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་འགྲོ་རྒྱུའི་ཕན་ཐོགས་ཆེན་པོ་ཡོད་རེད་ཅེས་བརྗོད་འདུག་ལ། རྒྱ་ནག་གི་ངོས་ནས་ཕྱི་ལོ་༡༩༩༢ ལོའི་གྲོས་མཐུན་ཟེར་བ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག ཕྱི་ལོ་༡༩༩༢ ལོའི་གྲོས་མཐུན་ཟེར་བ་དེ་ཐའེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པ་དང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་བར་བཞག་པའི་གྲོས་མཐུན་ཞིག་ཡིན་འདུག་ཀྱང་། ཐའེ་ཝན་གྱི་སྲིད་དོན་ཚོགས་པ་གཞན་དག་གིས་རྒྱབ་སྐྱོར་དང་ངོས་ལེན་བྱེད་ཀྱི་ཡོད་མི་འདུག ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་(Wang Mei-hui)ཟེར་བ་ཁོང་གིས་སྲིད་འཛིན་ཟུར་པ་(Ma Ying-jeou)་རྒྱ་ནག་ལ་ལྟ་སྐོར་འགྲོ་བ་ནི་ཁོ་རང་ཉིད་འཁྱམ་འཁྱམ་ཡིན་པ་ལས་ཐའེ་ཝན་ལ་ཕན་པའི་སྐད་ཆ་ཞིག་བཤད་ཐུབ་ཀྱི་མ་རེད། དེ་ལས་ལྡོག་སྟེ་ཐའེ་ཝན་ཀྱི་དམངས་གཙོའི་རིན་ཐང་ལ་དོ་ཕོག་བཏང་བ་རེད། ཁོ་རྒྱ་ནག་ལ་འགྲོ་དུས་ཞི་ཅིན་ཕེང་ལ་ཐའེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་རེད་ཅེས་བཤད་རོགས་ཞེས་ལན་ཞིག་ཀྱང་བསྐུར་ཡོད་འདུག (Ma Ying-jeou Foundation )མག་ཡུ་ཇོན་ཐེབས་རྩ་ཚོགས་པའི་འགན་འཛིན་(Hsiao Hsu-tsen)ཟེར་བ་དེས་ཐའེ་ཝན་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་རེད། ད་ལྟའི་ཐའེ་ཝན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ཝན་གྱི་རྩ་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་འདུག་ལ། ལྐོག་ནས་ཐའེ་ཝན་རང་བཙན་ཕྱོགས་སུ་འགྲོ་ཡི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་འདུག ། གསར་འགོད་པ། བསོད་ནམས་ཕུན་ཚོགས།

དཔྱ་དངུལ་བརྒྱ་ཆ་༩༠ ཆག་ཡང་དང་གསར་བཟོའི་དུས་ཡུན་ཕར་འགྱང་གནང་སོང་།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༡༠ པར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོའི་ཆེད་དུ་སྔོན་མའི་དུས་ཡུན་ལས་སླར་ཡང་ཟླ་བ་དྲུག་ཡས་མས་ཕར་འགྱང་བྱ་རྒྱུའི་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་སུ་སྙན་སྒྲོན་ཞུས་སོང་། དེའི་ནང་དུ་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་བབ་ཁྲིམས་ཡིག་དོན་ཚན་༡༨ པའི་ནང་གསེས་༥ པ། ཡུལ་དུས་གནས་སྐབས་དམིགས་བསལ་བའི་འོག སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་ཀྱིས་དགོས་ངེས་གཟིགས་ན་དཔྱ་དངུལ་དང་ངེས་ཅན་འབུལ་བབ་གསར་དུ་འབུལ་འདོད་ཡོད་རིགས་ལ་དུས་བཀག་རྒྱས་བཅད་ཀྱི་སྔ་མའི་འབུལ་བབ་ཆག་ཡང་གནང་འཐུས་ཞེས་གསལ་བ་བཞིན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ལེན་ཐུབ་པའི་གོ་སྐབས་བསྐྲུན་ཆེད། ཕྱི་ལོ་༢༠༢༣ ཟླ་༤ ཚེས་༡ ནས་ཕྱི་ལོ་༢༠༢༤ ཟླ་༣ ཚེས་༣༡ བར་དཔྱ་དངུལ་འབུལ་རྒྱུའི་བརྒྱ་ཆ་དགུ་བཅུ་ཆག་ཡང་དང་འཕྲོས་བརྒྱ་ཆ་བཅུ་དོ་བདག་ནས་ཕྱག་དངུལ་འབུལ་ཆོག་པའི་གྲོས་ཆོད་ཀྱི་ཡིག་ཆ་ཨང་སུམ་ཅུ་པ་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་ལྟར། འདི་ལོའི་ཕྱི་ཟླ་༣ ཚེས་༢༦ བར་ཆག་ཡང་གི་གོ་སྐབས་བླངས་ཏེ། ལག་དེབ་གསར་གསོ་བྱེད་མཁན་དང་འབུལ་ཆད་ཟབ་འབུལ་བྱེད་མཁན་བསྡོམས་༦༦༦༦ བྱུང་ཡོད་ཀྱང་། ད་དུང་གོ་སྐབས་ལེན་མ་ཐུབ་མཁན་གང་འཚམས་ཡོད་སྐོར་གྲོས་ཚོགས་སུ་གླེང་སློང་བྱུང་བར་བརྟེན། སླར་ཡང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་གསར་བཟོ་མ་ཐུབ་པ་རྣམས་ལ། དེ་སྔོན་བཞིན་དཔྱ་དངུལ་འབུལ་ཆེད་བརྒྱ་ཆ་དགུ་བཅུ་ཆག་ཡང་གིས་དུས་ཚེས་ཕྱི་ལོ་༢༠༢༣ ཟླ་༤ ཚེས་༡ ནས་༢༠༢༤ ཟླ་བ་༣ ཚེས་༣༡ ཚད་བཟུང་བྱས་པ་དེ། ཕྱི་ལོ་༢༠༢༤ ཟླ་བ་༩ ཚེས་༣༠ བར་ཕར་འགྱང་གཏོང་ཆོག་པའི་མང་མོས་སམ་སྤྱི་མོས་གྲོས་ཆོད་གྲོས་འཆར་ཞིག་བཏོན་པ་དེར། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་རྒྱབ་སྐྱོར་གནང་ཐོག་གྲོས་འཆར་དེ་དགག་བྱ་མེད་པར་གྲོས་ཚོགས་སུ་ཚུད་ཅིང་། བོད་པ་ཡིན་ན་བཅའ་ཁྲིམས་ཀྱིས་བསྐུར་བའི་ཡུལ་མིའི་ལས་འགན་དང་། བོད་བསྟན་པ་ཆབ་སྲིད་སླད་འགན་ཁུར་ཏེ་དཔྱ་དངུལ་འབུལ་བ་དང་གསར་བཟོ་བྱེད་རྒྱུའི་གོ་སྐབས་འདི་ལེན་དགོས་པ་གལ་ཆེ་ཚུལ་དང་། དེ་མིན་ཆག་ཡང་གི་གོ་སྐབས་འདི་རྗེས་སུ་རག་དཀའ་བའི་སྐོར་སོགས་བགྲོ་གླེང་དང་དགོངས་ཚུལ་ལྷུག་པོར་གནང་མཐར་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་། གསར་འགོད་པ། བསྟན་འཛིན་ལམ་བཟང་། 

ཁྲིམས་ལ་མཁས་པ་ཞིག་མེད་དམ།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༠ ) གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲིམས་ཞིབ་པའི་འོས་ཆོས་ལ་བསྐྱར་བཅོས་ཐུབ་མེད། བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་གཉིསཔའི་ག་པ། “ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས།”ཞེས་གསལ་བ་བཞིན། ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པའི་འོས་མི་ཞིག་རྙེད་མེད། བཅའ་ཁྲིམས་གཏན་འབེབས་བྱས་ནས་གོང་གསལ་ཆ་རྐྱེན་ཚང་མི་དགོས་པའི་དུས་ཡུན་ཕྱི་ལོ་༢༠༢༡ ཟླ་༦ ཚེས་༢༨ ཉིན་རྫོགས་ཟིན། ད་ལྟའི་ཆར་གོང་གསལ་བཞིན་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པ་གཞན་གཉིས་འོས་ཆོས་ཚང་མཁན་ཞིག་མ་རྙེད་པའི་དཀའ་ངལ་ཡོད་པ་མ་ཟད། ཕྱོགས་གཅིག་ནས་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་དམ་འབུལ་བྱ་ཡུལ་མེད་པའི་དཀའ་ངལ་ཡང་ཡོད། ཁྲིམས་ཞིབ་པའི་དམ་འབུལ་བྱ་ཡུལ་བསྐྱར་བཅོས་གཏན་འབེབས་བྱ་རྒྱུ་ཡིན་པས། རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་འཐོབ་ཐུབ་མིན་བཤད་དཀའ། གལ་སྲིད་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་པའི་དབང་དུ་བཏང་ནའང་གོང་གསལ་འོས་ཆོས་ཚང་མཁན་ཞིག་རག་ཐུབ་མིན་ནི་དེ་བས་ཀྱང་བཤད་དཀའ། འདས་པའི་མི་ལོ་༦༥ ཙམ་གྱི་རིང་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཁྲིམས་ལུགས་སློབ་སྦྱོང་བྱས་ནས་དེང་དུས་ཀྱི་ཁྲིམས་ལ་མཁས་ཤིང་། གནས་ཡུལ་རྒྱ་གར་རམ་ཕྱི་རྒྱལ་ཡུལ་གྲུ་གང་ཞིག་གི་ཁྲིམས་ཁང་དུ་ཁྲིམས་དཔོན་གྱི་ལས་ཁུར་མུ་མཐུད་ལོ་ལྔའི་རིང་ཁུར་མྱོང་མཁན་དང་། ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་མྱོང་བ་ཞིག་མེད་པ་བློ་ཕམ་གྱི་རང་བཞིན་དུ་ངོས་འཛིན་བྱེད་ཆོག གཞན་བཅའ་ཁྲིམས་ཀྱི་ཐོག་ནས་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་དམ་བཅའ་འབུལ་ཡུལ་དང་། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་སྤྱི་འཐུས་རྣམ་པ་བཅས་ཀྱི་དམ་བཅའ་འབུལ་ཡུལ་བཅས་བསྐྱར་བཅོས་ཐུབ་ཡོད། ད་དུང་འོས་བསྡུའི་འགན་འཛིན་དང་རྩིས་ཞིབ་སྤྱི་ཁྱབ་པའི་དམ་བཅའ་འབུལ་ཡུལ་བསྐྱར་བཅོས་བྱ་རྒྱུ་དེ་ཡང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ད་ཡོད་འོས་བསྡུའི་འགན་འཛིན་གྱི་དུས་ཡུན་རྫོགས་ལ་ཉེ་བས། འོས་བསྡུའི་འགན་འཛིན་དམ་འབུལ་བྱ་ཡུལ་མེད་ན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དམ་བཅའ་འབུལ་ཡུལ་བསྐྱར་བཅོས་ཐུབ་པ་ཙམ་གྱིས་ཕན་ཐོགས་མེད་པར། ཁྲིམས་མཐུན་གྱི་ཐོག་ནས་འོས་བསྡུའི་ལས་རིམ་འགྲོ་ཐབས་གཏན་ནས་མེད། རྩིས་ཞིབ་སྤྱི་ཁྱབ་པ་བགྲེས་ཡོལ་དུ་ཕེབས་ནས་ལོ་གཅིག་ཙམ་སོང་ཡང་། དམ་བཅའ་འབུལ་ཡུལ་མེད་པས་རྩིས་ཞིབ་སྤྱི་ཁྱབ་པ་གསར་འདེམས་མ་ཐུབ་པར་གལ་གནད་ཆེ་བའི་གསང་རྩིས་ཁག་ལ་ཁྲིམས་སྒྲིག་གི་དགོངས་དོན་བཞིན་རྩིས་ཞིབ་བྱེད་མཁན་གཏན་ནས་མེད། གཙོ་ཆེ་ཤོས་ཁྲིམས་ཞིབ་པའི་འོས་ཆོས་ཚང་བའི་མི་སྣ་ཞིག་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གཏན་ནས་མེད་པ་ཡིན་ནམ། གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་མཁན་དང་། སྐད་ཡིག་ཅུང་ཙམ་ཤེས་ནའང་བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་ཁག་དང་། ལས་དོན་བྱེད་སྟངས་ལ་ཤེས་རྒྱ་དང་ཉམས་མྱོང་ཆེན་པོ་མེད་ན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བྱེད་ཐུབ་ཐབས་མེད་པ་ལྟ་བུར་གྱུར་ཡོད། ད་དུང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དུ་གཙོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་གི་གོ་དོན་འགྲེལ་བརྗོད་བྱེད་སྟངས་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་རྩོད་རྙོག་ཁག་འདུམ་སྒྲིག་བྱ་རྒྱུ་ཙམ་ལས། ནག་ཉེས་སོགས་ཡུལ་ཁྲིམས་དང་འབྲེལ་བ་ཡོད་པའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱ་རྒྱུའི་དབང་ཆ་མེད་པས། དཔེར་ན་རྒྱ་གར་གྱི་ཁྲིམས་ཁང་ཞིག་ཏུ་ཁྲིམས་དཔོན་བྱེད་མྱོང་མཁན་དང་། ཡང་ན་ཁྲིམས་རྩོད་པ་མཁས་པ་ཡིན་པ་ཙམ་གྱིས་ཕན་ཐོགས་དེ་ཙམ་ཡོད་མེད་ཀྱང་བཤད་དཀའ། མདོར་ན་བོད་མིའི་སྒྲིག་འཛུགས་དེ་ཁྲིམས་དང་མཐུན་པའི་ཐོག་ནས་མཇུག་སྐྱོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པས། གོང་གསལ་ཆ་རྐྱེན་ཚང་བའི་ཁྲིམས་ཞིབ་པའི་འོས་མི་ཞིག་མ་རག་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཁྲིམས་ཞིབ་པ་གསར་འདེམས་བྱེད་ཐུབ་ཐབས་མེད་པ་དང་། དམ་བཅའ་འབུལ་ཡུལ་ལ་བསྐྱར་བཅོས་མ་ཐུབ་ན་འོས་ཆོས་ཚང་མཁན་ཡོད་ཀྱང་ཕན་ཐོགས་མེད་པར་གྱུར་ཟིན། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ནི་དེང་དུས་ཀྱི་ཁྲིམས་ལུགས་ལ་མཁས་དགོས་ཀྱང་། གཙོ་བོ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ལ་མཁས་པ་ཞིག་མིན་ན་དོན་དངོས་ཀྱི་ལས་དོན་བྱེད་ཐུབ་ཐབས་གཏན་ནས་མེད་པས། ད་ལན་འོས་ཆོས་ཀྱི་དུས་ཡུན་ཕར་འགྱང་མ་ཐུབ་པ་དེའང་བློ་ཕམ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད། ཁྲིམས་ཞིབ་ཁང་ཚད་ལྡན་ཞིག་མེད་ན་ལས་དོན་གང་གི་ཐད་ནས་ཁྲིམས་མེད་ལུགས་མེད་དུ་འགྱུར་རྒྱུའི་ཉེན་ཁའང་ཡོད་པས་མང་གཙོའི་ཀ་བ་གསུམ་ཚང་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།།

བསྐྱར་བཅོས་གྲོས་འཆར་ཁག་ཅིག་གཏན་འབེབས་ཐུབ་མ་སོང་།

ཟླ་འདིའི་ཚེས་༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༩ པའི་ཚོགས་དུས༣་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་པ་གཉིས་པའི་ཐོག་བགྲོ་གླེང་ལྷུག་པོ་གནང་རྗེས། ཁྲིམས་འཆར་གྱི་དོན་ཚན་ཞེ་གཉིས་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་ཞེས་པའི་ཚིག་བརྗོད་རྙིང་པའི་ཐོག་རྒྱ་བལ་འབྲུག་གསུམ་ཕུད་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་གཅིག་རེ་ཞེས་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་གི་བསྐྱར་བཅོས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་༢༦ མ་གཏོགས་བྱུང་མེད་པར་བརྟེན། ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་མ་སོང་། དེ་མིན་དོན་ཚན་ཞེ་ལྔ་པ་དང་ཞེ་བདུན་པ། དོན་ཚན་ང་གཉིས་པ་དང་ང་བཞི་པ་བཅས་སྤྱི་མོས་གཏན་འབེབས་གནང་སོང་། གཞན་ཡང་དོན་ཚན་ང་བདུན་པ་བོད་མིའི་སྒྲིག་འཛུགས་དང་། མང་ཚོགས་ཀྱི་ཁེ་ཕན་ཆེད་དགོས་གལ་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་དང་། བཀའ་བློན་རྣམ་པ་བཅས་སྤྱི་མོས་བྱུང་ན་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་འཐུས་ཞེས་པའི་བསྐྱར་བཅོས་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་༢༩ མ་གཏོགས་མ་བྱུང་བར་བརྟེན་མར་ཟགས་སོང་། དེ་བཞིན་དོན་ཚན་རེ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་དང་པོར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་༢༨ དང་ནང་གསེས་བཞི་པ་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་༢༧ མ་གཏོགས་མེད་པར་བརྟེན་ཟགས་སོང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་༣ པའི་ཐོག་གླེང་སློང་མང་པོ་བྱུང་སྟེ་ཐག་མ་ཆོད་པར་བརྟེན་མཐར་སང་ཉིན་བར་བཀའ་ཤག་གི་ཁྲིམས་འཆར་ཞིག་དང་ལྷན་སྒོ་ཕྱེས་ནས་བཞག་སོང་། དེ་མིན་དོན་ཚན་རེ་གསུམ་པའི་ནང་གསེས་གཉིས་པ་དང་ལྔ་པ། དེ་བཞིན་དྲུག་པ་གཏན་འབེབས་གནང་སོང་། སང་ཉིན་དོན་ཚན་༦༤ སོགས་ཀྱི་ཐོག་མུ་མཐུད་བརྗོད་པ་གཉིས་པའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག།གསར་འགོད་པ། བློ་བཟང་རྒྱ་མཚོ།

རྒྱ་ནག་གཞུང་གིས་བོད་པ་དང་ཨ་རི་སོགས་ཀྱི་དྲྭ་རྒྱར་གཏོར་རྒོལ་གཏོང་གི་ཡོད་འདུག 

རྒྱ་ནག་ནས་ཡིན་པའི་འཕྲུལ་རིགས་ཚོང་གཉེར་ཁང་ཞིག་གིས་བོད་པའི་དྲྭ་རྒྱ་དང་། ཨ་རི་དང་དབྱིན་ཡུལ་སོགས་ཀྱི་དྲྭ་རྒྱའི་བདེ་འཇགས་ལ་གཏོར་རྒོལ་བྱེད་ཀྱི་ཡོད་འདུག་ལ། ཨ་རིའི་ནང་མི་མང་ས་ཡ་མང་པོའི་དྲྭ་རྒྱའི་བདེ་འཇགས་ལ་རྒྱ་ནག་ནས་ཡིན་པའི་འཕྲུལ་རིགས་ཚོང་གཉེར་ཁང་དག་གིས་གཏོར་རྒོལ་བྱེད་ཀྱི་ཡོད་པ་ཨ་རིས་བརྗོད་འདུག ཕྱི་ཚེས་༢༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔོན་ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་མི་ས་ཡ་མང་པོའི་དྲྭ་རྒྱའི་བདེ་འཇགས་ལ་རྒྱ་ནག་ནས་ཡིན་པའི་དྲྭ་རྒྱ་གཏོར་མཁན་རྒྱ་མི་བདུན་ངོས་འཛིན་བྱུང་ཡོད་འདུག་པ་དང་། མི་བདུན་པོ་དེ་དག་གིས་ཨ་རིའི་ནང་མི་སྒེར་པ་དང་། གཞུང་གི་དཔོན་རིགས། རྒྱ་ནག་གཞུང་དང་མི་མཐུན་པའི་ཚོགས་པ་སོགས་ཀྱི་དྲྭ་རྒྱ་ས་ཡ་འགའ་ཤས་ནང་གློག་འཕྲིན་རྫུན་མ་སོགས་བཏང་ནས་དྲྭ་རྒྱའི་བདེ་འཇགས་ལ་གནོད་འཚེ་བཏང་ཡོད་འདུག ཨ་རིའི་གཞུང་གིས་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་པའི་དྲྭ་རྒྱའི་བདེ་འཇགས་གཏོར་རྒོལ་བྱེད་མཁན་དེ་དག་གིས་ཨ་རིའི་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་བྱ་ངན་བརྩམས་ཡོད་པར་བརྟེན། མི་སྒེར་དེ་དག་དང་བཟོ་ཚོང་ཁང་གཅིག་ལ་ཉེས་ཆད་གཅོད་རྒྱུ་ཡིན་པར་བརྗོད་འདུག དེ་བཞིན་དབྱིན་ཡུལ་གཞུང་གིས་ཀྱང་རྒྱ་ནག་གི་དྲྭ་རྒྱ་གཏོར་རྒོལ་བ་དེ་དག་ལ་ཉེས་ཆད་གཅོད་རྒྱུ་ཡིན་པ་དང་། ཕྱི་ལོ་༢༠༢༡ དང་༢༠༢༢ ནང་དབྱིན་ཡུལ་གཞུང་གི་འོས་བསྡུ་ལས་ཁུངས་དང་སྲིད་དོན་ཚོགས་པ་ཁག་གི་དྲྭ་རྒྱའི་བདེ་འཇགས་ལ་གནོད་འཚེ་བཏང་བ་དག་ནི་བཟོད་ཐབས་མེད་པ་ཞིག་རེད་ལ། དབྱིན་ཡུལ་གྱི་ལོ་རྒྱུས་ནང་གནོད་འཚེ་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཡོད་འདུག་ཀྱང་། དབྱིན་ཡུལ་གྱི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པས་སྐྱོན་བརྗོད་དང་སྦྲགས་ནས་དབྱིན་ཡུལ་གཞུང་གིས་བརྗོད་པ་དག་རྫུན་བཟོ་རེད་ཅེས་བརྗོད་འདུག དེ་བཞིན་ནེའུ་ཛི་ལན་ཌིའི་གཞུང་གིས་ཀྱང་ཁོང་ཚོའི་གྲོས་ཚོགས་ཀྱི་དྲྭ་རྒྱའི་བདེ་འཇགས་ལ་གནོད་པའི་གཏོར་རྒོལ་རིགས་བྱེད་ཀྱི་ཡོད་པ་དང་། དྲྭ་རྒྱའི་གཏོར་རྒོལ་བ་དེ་དག་གི་རྒྱབ་དུ་རྒྱ་ནག་ཏུ་ཡོད་པའི་སྐོར་བརྗོད་ཡོད་འདུག  ཨ་རི་དང་དབྱིན་ཡུལ། ནེའུ་ཛེ་ལན་ཌི་བཅས་ཀྱིས་རྒྱ་ནག་གཞུང་གིས་དྲྭ་རྒྱའི་གཏོར་རྒོལ་བ་དེ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་ཅེས་བརྗོད་པ་དེ་ལ། རྒྱ་ནག་གཞུང་གིས་ཡ་ལན་ཚུལ་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རི་དང་དབྱིན་ཡུལ་རྣམས་ཀྱིས། ཁོང་ཚོས་རྒྱ་ནག་ལ་དྲྭ་རྒྱ་གཏོར་རྒོལ་བྱེད་རྒྱུ་མཚམས་འཇོག་དགོས་པ་རེད་ཅེས་བརྗོད་ཡོད་འདུག བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་མི་གཉིས་དང་རྒྱ་ནག་གི་ཚོང་གཉེར་ཁང་གཅིག་བཅས་ལ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་འདུག དེ་བཞིན་དབྱིན་ཡུལ་གཞུང་གིས་སྐྱོན་བརྗོད་བྱས་དོན་ལ་རྒྱ་ནག་ནང་ཡོད་པའི་(Wuhan Xiaoruizhi Science and Technology Company)ཟེར་བའི་ཝུ་ཧན་ཚན་རིག་དང་འཕྲུལ་རིགས་ཚོང་གཉེར་ཁང་ཟེར་བ་དེ་ཡིས་རྒྱ་ནག་གཞུང་གི་བཀོལ་སྤྱོད་འོག་རྒྱལ་ཁབ་གཞན་གྱི་དྲྭ་རྒྱའི་བདེ་འཇགས་ལ་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་བརྗོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་དབྱིན་ཡུལ་གྱི་དྲ་རྒྱ་གཏོར་རྒོལ་གཏོང་མཁན་དག་གི་རྒྱུ་དངོས་དག་བཀག་ནས་མ་འོངས་པར་དབྱིན་ཡུལ་ནང་ཡོང་རྒྱུ་དང་མི་སེར་ལག་ཁྱེར་སོགས་རག་ཐབས་མེད་པ་བཟོ་རྒྱུ་ཡིན་ཞེས་བརྗོད་འདུག གཟའ་ཟླ་བའི་ཉིན་ཨ་རིའི་གཞུང་གིས་ཀྱང་རྒྱ་ནག་གི་ཝུ་ཧན་གྱི་ཚོང་གཉེར་ཁང་དེ་དང་རྒྱ་མི་བདུན་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག  དྲྭ་རྒྱའི་བདེ་འཇགས་སྐོར་(the hacker news)ཟེར་བ་དེ་ཡིས་བོད་པའི་དྲྭ་རྒྱ་མང་པོ་ཞིག་ལ་རྒྱ་ནག་གིས་གཏོར་རྒོལ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་བརྗོད་འདུག་ལ། ཕྱི་ལོ་༢༠༢༤ ཟླ་བ་༡ ནང་བཀའ་རྒྱུད་སྨོན་ལམ་སྐབས་སུ་དྲྭ་རྒྱ་གཏོར་རྒོལ་བཏང་ཡོད་པ་དང་། སྨོན་ལམ་བརྡ་འཕྲིན་གྱི་ཡིག་བསྒྱུར་མ་ལག་ཐོག་ཏུ་ཡང་། ཕྱི་ལོ་༢༠༢༣ ཟླ་༡༢ ནང་གཏོར་རྒོལ་བྱུང་ཡོད་པའི་དོགས་གཞི་བྱུང་ཡོད་འདུག དེ་བཞིན་བོད་པའི་གསར་ཁང་(Tibetpost)ལ་ཡང་ཡི་གེ་ཆད་རྒྱུ་མེད་པ་ཞིག་འབྱོར་ནས་དྲྭ་རྒྱར་དཀའ་ངལ་འཕྲད་ཡོད་འདུག དེ་སྔོན་བོད་ཀྱི་བང་ཆེན་གསར་ཁང་གི་དྲྭ་ཚིགས་ལ་ཡང་ཕྱི་ལོ་༢༠༢༢ ཟླ་བ་༨ ནང་དཀའ་ངལ་ཆེན་པོ་འཕྲད་དེ་དངུལ་ཕོན་ཆེན་སྤྲད་ནས་བཟོ་བཅོས་རྒྱག་དགོས་བྱུང་ཡོད་པ་རེད། དེ་བཞིན་རྒྱ་གར་དུ་ཡོད་པའི་ཚོགས་པ་ཁག་དང་གསར་ཁང་ཁག ཐའེ་ཝན། ཧོང་ཀོང། ཨ་རི་སོགས་ཀྱི་དྲྭ་རྒྱའི་བདེ་འཇགས་ལ་རྒྱ་ནག་གཞུང་གིས་གནོད་འཚེ་གཏོང་གི་ཡོད་པ་ཤེས་རྟོགས་ཡོད་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་བྱེད་ས་གཏན་འབེབས་བྱུང་སོང་། 

ཟླ་འདིའི་ཕྱི་ཚེས་༢༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༩ པའི་ཚོགས་དུས་༣ པར། བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་པ་གཉིས་པའི་ཐོག་གྲོས་ཚོགས་སུ་བགྲོ་གླེང་ལྷུག་པོ་གནང་རྗེས། ཁྲིམས་འཆར་གྱི་དོན་ཚན་ཉེར་ལྔ་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་ཅེས་པའི་ནང་གསེས་དང་པོའི་ཚིག་བརྗོད་རྙིང་པ། འདེམས་ཐོན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས། ཞེས་པ་ལ་ཚིག་བརྗོད་གསར་པ། འདེམས་ཐོན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ།  ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས། ཞེས། བསྐྱར་བཅོས་ཚོགས་ཆུང་གི་བསྐྱར་བཅོས་ཁྲིམས་འཆར་དེར་བཀའ་ཤག་གི་བཟོ་བཅོས་ཁྲིམས་འཆར་དང་བཅས་པར་སྤྱི་འཐུས་༤༢ རྒྱབ་སྐྱོར་གྱིས་མང་མོས་གཏན་འབེབས་གནང་སོང་ལ། དེ་བཞིན་དོན་ཚན་ཉེར་དགུ་པ་བཀའ་ཤག་གི་འགན་འཁུར་དང་འཕོ་འགྱུར། དོན་ཚན་སུམ་ཅུ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། དོན་ཚན་སོ་བརྒྱད་པ། སྤྱི་འཐུས་ཀྱི་འོས་ཆོས་བཅས་ཀྱི་བསྐྱར་བཅོས་གཏན་འབེབས་བྱུང་སོང་།གསར་འགོད་པ། བསྟན་འཛིན་ལམ་བཟང་། 

དེ་རིང་སྔ་དྲོར་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཐུབ་པ་དང་མ་ཐུབ་པ། 

ཟླ་འདིའི་ཚེས་༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༩ པའི་ཚོགས་དུས་༡ ། བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་དང་པོའི་བརྗོད་པ་གཉིས་པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་། ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། རིག་གཞུང་། མངའ་དབང་ལྡན་པའི་བོད་མིིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད་ཅེས་པའི་ཚིག་བརྗོད་རྙིང་པ་སོར་བཞག་ཐོག ་་་་་་་གོང་གི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། ཞེས་པའི་མཇུག་ཏུ།  ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ། ཞེས་པའི་ཚིག་བརྗོད་གསར་པ་བསྐྱར་བཅོས་ལ་སྤྱི་འཐུས་༣༧ རྩ་འབོར་བཞི་ཆ་གསུམ་ཡན་གྱི་རྒྱབ་སྐྱོར་གྱིས་གཏན་འབེབས་དང་། དེའི་ནང་གསེས་༢ པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་(ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ་)ཞེས་པའི་ཚིག་བརྗོད་རྙིང་པ་དེ། ཚིག་བརྗོད་གསར་པ་(བཀའ་ཤག་ལ་དགོངས་འཆར་དང་ལམ་སྟོན་བཀའ་སློབ་བསྩལ་རྒྱུ)་ཞེས་བསྐྱར་དུ་བཅོས་པ་ལ། སྤྱི་འཐུས་༣༥ རྩ་འབོར་བཞི་ཆ་གསུམ་ཡན་གྱི་རྒྱབ་སྐྱོར་འོག་གཏན་འབེབས་གནང་སོང་།  དེ་བཞིན་དོན་ཚན་བརྒྱད་པ་བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཐོབ་ཐང་དང་འབྲེལ། དེའི་ནང་གསེས་༣ པ་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་གཞུག་ཆོག་ཅེས་པའི་ཚིག་བརྗོད་རྙིང་པ་ལོ་གསུམ་དེ་ཚིག་བརྗོད་གསར་པ་ལོ་ལྔ་ཞེས་བསྐྱར་བཅོས་དང་འབྲེལ་ཏེ་བགྲོ་གླེང་མང་པོ་བྱས་མཐར་སྤྱི་མོས་གཏན་འབེབས་མ་ཐུབ་པར་ཟགས་སོང་།  གཞན་དོན་ཚན་བཅུ་གཉིས་དང་དོན་ཚན་ཉེར་གསུམ་བཅས་སྤྱི་མོས་གཏན་འབེབས་བྱུང་ཞིང་།དོན་ཚན་ཉེར་ལྔ་གཙོས་པའི་དོན་ཚན་ཁག་ཅིག་གི་ཐོག་བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་ཞིག་ཁྱེར་འདུག་པས་དེའི་ཐོག་བགྲོ་གླེང་མུ་མཐུད་གནང་བཞིན་པ་ལས་ད་ལྟ་གཏན་འབེབས་བྱུང་མ་སོང། གསར་འགོད་པ། བསྟན་འཛིན་ལམ་བཟང་།