ལ་དྭགས་ས་ཁུལ་ལ་མངའ་སྡེའི་ཐོབ་ཐང་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག

ཉེ་ཆར་ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་འདུག་པ་དང་། ཟས་བཅད་ངོ་རྒོལ་དེའི་དགོས་འདུན་ནི་ལ་དྭགས་ལ་མངའ་སྡེ་ཞིག་གི་ཐོབ་ཐང་སྤྲོད་དགོས་པ་དེ་ཡིན་འདུག  ཕྱི་ཚེས་༢༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༩ ནང་དུ་ལ་དྭགས་དེ་ཀ་ཤི་མིར་ས་ཁུལ་ནས་ལོགས་སུ་ཐད་སྐྱོང་གི་ཐོབ་ཐང་སྤྲད་ཡོད་འདུག ༢༠༢༠ ལོར་ལ་དྭགས་ལ་རྒྱ་གར་གཞུང་གིས་ཁོར་ཡུག་དང་འབྲེལ་གནད་དོན་འགའ་ཤས་ཁས་ལེན་བྱས་ཡོད་འདུག་ཀྱང་། ཕྱིས་སུ་ཁས་ལེན་དེ་དག་སྒྲུབ་ཡོད་མི་འདུག་པར་བརྟེན། ལ་དྭགས་མི་མང་གིས་ཁས་ལེན་བྱས་པའི་གནས་དོན་དེ་དག་སྒྲུབ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག ལ་དྭགས་ནི་རྒྱ་གར་གྱི་ནུབ་བྱང་ས་ཁུལ་དུ་ཡོད་ཅིང་། ས་ཁུལ་དེའི་ནང་ཁ་ཆེ་དང་ནང་པ་གཉིས་ཀྱི་མི་རིགས་ཁྱོན་༣༠༠༠༠༠ ཙམ་ཡོད་འདུག་པ་དང་། ལ་དྭགས་ཀྱི་ས་ཁུལ་གླེ་རུ་ཡོད་པའི་མི་མང་མང་ཆེ་བ་ནི་ནང་པ་ཡིན་འདུག་ལ། ཀར་གྷེའི་ས་ཆ་མང་ཆེ་བ་ནི་ཁ་ཆེ་ཡིན་འདུག འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་། ལ་དྭགས་ཀྱི་མི་མང་གིས་ལ་དྭགས་ས་ཁུལ་ལ་ཐད་སྐྱོང་དགོས་པའི་དགོས་འདུན་བཏོན་ཡོད་པ་བཞིན། ཕྱི་ལོ་༢༠༡༩ ནང་མོ་དྷེ་གཞུང་གིས་རྒྱ་གར་གྱི་རྩ་ཁྲིམས་ནང་ཡོད་པའི་དོན་ཚན་༣༧༠ (Jammu )དང་ (Kashmir)གཉིས་ལ་མངའ་སྡེ་སྤྲད་པ་དེ་མེད་པ་བཟོས་ནས་ལ་དྭགས་དེ་(Jammu )དང་ (Kashmir)གཉིས་ལས་ལོགས་སུ་ཐད་སྐྱོང་ས་ཁུལ་ཞིག་ལ་བཟོས་ཡོད་འདུག ལོ་གཅིག་གི་རྗེས་སུ་ཀར་གྷེ་དང་གླེ་གཉིས་ཀྱིས་མཉམ་འབྲེལ་ཐོག་དབུས་གཞུང་ལ་ལ་དྭགས་མི་མང་གི་གནས་དོན་འགའ་ཤས་ཤིག་གི་དགོས་འདུན་འདོན་གྱི་ཡོད་འདུག བདུན་ཕྲག་སྔོན་མར་ལ་དྭགས་མི་མང་ཚོས་ཚོང་ཁང་དང་ཟ་ཁང་སོགས་སྒོ་བརྒྱབས་ནས་ཀར་གྷེའི་ཁྲོམ་གཞུང་དུ་ལ་དྭགས་མི་མང་ཚོ་ལ་མངའ་སྡེའི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་ཡོད་འདུག་ལ། བདུན་ཕྲག་འདིའི་ནང་དུ་ངོ་རྒོལ་བ་ཚོས་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཧིན་བོད་གཉིས་ཀྱི་ས་མཚམས་སུ་འགྲོ་རྒྱུ་ཡིན་འདུག  གླེ་ནང་པའི་འགོ་ཁྲིད་(Chhering Dorjey Lakrook)ཟེར་བ་ཞིག་གིས་ང་ཚོས་ལ་དྭགས་པ་ཚོ་ལ་གྲོས་ཚོགས་ལྡན་པའི་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན་འདོན་གྱི་ཡོད་ཅེས་བརྗོད་འདུག ལ་དྭགས་པ་མང་ཆེ་བའི་འཚོ་རྟེན་ཞིང་ལས་ཡིན་འདུག་པར་བརྟེན། ཕྱི་ནས་མི་མང་གིས་ས་ཉོ་བ་དང་གནས་སྤོ་བྱེད་བཅུག་ན། ལ་དྭགས་ས་ཁུལ་དེའི་མི་མང་གི་འཚོ་གནས་དང་རིག་གཞུང་། ངོ་བོ་བཅས་ལ་དོ་ཕོག་འགྲོ་ཉེན་ཡོད་འདུག ཕྱི་ལོ་༢༠༢༣ ཟླ་བ་༤ ཚེས་༥ ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་གྱིས་འདས་པའི་ལོ་༥ ནང་ལ་དྭགས་ས་ཁུལ་ནང་ཕྱི་ཕྱོགས་ནས་མི་གཅིག་གིས་ཀྱང་ས་ཉོས་མེད་པ་དང་། ཚོང་གཉེར་ཁང་གཅིག་གིས་ཀྱང་མ་རྩ་འཛུགས་འཇོག་བྱས་ཡོད་མ་རེད་ཅེས་བརྗོད་འདུག འོན་ཀྱང་། ས་གནས་མི་མང་གིས་(Jammu)དང་(Kashmir)གཉིས་ནང་ཕྱི་ལོ་༢༠༢༠ ནས་༢༠༢༢ བར་ཕྱི་ཕྱོགས་ནས་ཡོང་བའི་མི་ཁྱོན་༡༨༠ ཡིས་ས་ཆ་ཉོས་ཡོད་པར་བརྗོད་འདུག ད་ལྟ་ལ་དྭགས་མི་མང་གི་མངོན་འདོད་ནི་ལ་དྭགས་ལ་མངའ་སྡེ་ཞིག་ལོགས་སུ་དགོས་པ་དང་། མི་མང་ཚོ་ལ་ལས་ཀའི་སྲུང་སྐྱོབ།  ས་ཞིང་སྲུང་སྐྱོབ། རྒྱ་གར་གྲོས་ཚོགས་ནང་གླེ་དང་ཀར་གྷེ་གཉིས་ཀ་ལ་རྐུབ་བཀྱག་རེ་རེ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག དེ་བཞིན་ལ་དྭགས་མི་མང་རྣམས་ལ་རྒྱ་གར་གྱི་རྩ་ཁྲིམས་ནང་ཡོད་པའིི་(Sixth Schedule)ཟེར་བའི་ཐོབ་ཐང་དེ་རྩོད་ཀྱི་ཡོད་འདུག་ལ། ལ་དྭགས་ས་གནས་མི་མང་བརྒྱ་ཆ་༩༧ ཙམ་(Tribal)་ས་ཁུག་གི་མི་རིགས་ཡིན་འདུག་པས། ལ་དྭགས་མི་མང་རྣམས་ལ་ཐོབ་ཐང་དེ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག (Sixth […]

ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན་ཞུས་སོང་།

ཕྱི་ཟླ་༣ ཚེས་༢༥ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༧ ཚོགས་ཐུན་༡ པོའི་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་ཤིག་ཚོགས་ཆུང་གི་ཚོགས་གཙོ་ཟླ་བ་ཕུན་སྐྱིད་ཀྱིས་སྙན་སྒྲོན་ཞུས་སོང་། དེ་རིང་ལས་བསྡོམས་སྙན་སྒྲོན་ཙམ་ལས་དྲི་བ་དྲི་ལན་སོགས་མེད་པ་དང་། གྲོས་ཚོགས་ཀྱི་ལས་རིམ་ལྟར་ན་བཅའ་ཁྲིམས་བསྐྱར་བཅོས་སྐོར་ཕྱི་ཚེས་༢༧ ཉིན་ཡིན་པ་རེད།ལས་བསྡོམས་དེ་ནི་ཚོགས་ཆུང་བསྐོ་འཛུགས་དང་ལས་དོན་འགོ་འཛུགས། ཚོགས་གཙོ་སྦྲེལ་པོའི་ལམ་སྟོན། མི་མང་གི་བསམ་ཚུལ་བསྡུ་ལེན། ཚོགས་ཆུང་གི་ལས་དོན་སྒྲུབ་སྟངས། མཐའ་མའི་མཇུག་བསྡོམས་བཅས་སྡེ་ཚན་ལྔས་གྲུབ་པ་ཞིག་རེད་འདུག དེ་ཡང་དམ་འབུལ་སོགས་དང་འབྲེལ་ནས་བཅའ་ཁྲིམས་ཐོག་དཀའ་ངལ་འཕྲད་པ་ལྟར། ཕྱི་ལོ་༢༠༢༣ ཟླ་༥ ཚེས་༨ འཁོད་པའི་ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ནང་དུ། བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་ཨང་༢༠༢༣ །༡༧ ། ༥། ༥ ཡིག་ཆ་ཨང་༣༣ པར་གསལ་བ་བཞིན། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་དགོས།  ཚོགས་ཆུང་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་ཁ་གསལ་དགོས་ངེས་ཡོད་པར་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ཞིབ་གནང་ནས་བསྐྱར་བཅོས་ཟིན་བྲིས་བཟོ་འགོད་གནང་ཕྱོགས་གོ་བསྡུར་གྱིས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་བཅས། ཕྱི་ལོ་༢༠༢༤ ཟླ་༢ པའི་ཟླ་མཇུག་ཏུ་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ་ཞེས་འཁོད་ཐོག མང་མོས་གྲོས་ཆོད་དགོངས་དོན་ལྟར་ཚོགས་ཆུང་གི་མི་འགྲོ་དེ་ཡང་སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ། སྤྱི་འཐུས་ཀརྨ་དགེ་ལེགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་བཅས་བསྐོ་བཞག་གནང་འདུག་པ་བཞིན། ཕྱི་ཟླ་༢༠༢༣ ཟླ་༥ ཚེས་༡༧ ཉིན་ཚོགས་མི་རྣམས་དངོས་དྲ་ཐོག་བཅས་ནས་མཉམ་འཛོམས་ཐོག ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་དང་། དྲུང་ཆེ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ ་བཅས་སྤྱི་མོས་གཏན་ཁེལ་གནང་སྟེ་ཡིག་ཆ་ཁག་རྩིས་ལེན་གྱིས་ལས་དོན་དབུ་འཛུགས་ཞུས་འདུག་ཀྱང་། ཚོགས་མི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་ཕན་བདེ་ཕྱི་རྒྱལ་དུ་ཕེབས་གཏན་ཁེལ་ཏེ། ཕྱི་ལོ་༢༠༢༣ ཟླ་༧ ཚེས་༡༧ ཉིན་ཚོགས་མི་རྣམས་བསྐྱར་འཛོམས་ཀྱིས་ལས་དོན་དངོས་སུ་དབུ་འཛུགས་གནང་འདུག  ཕྱི་ལོ་༢༠༢༣ ཟླ་༥ ཚེས་༡༧ ཉིན་ལས་དོན་གནང་ཕྱོགས་ཐད་ལ་ཚོགས་གཙོ་སྦྲེལ་པོར་ལམ་སྟོན་ཞུ་སྐབས། ཚོགས་གཙོ་སྦྲེལ་པོས་ལམ་སྟོན་ཁག་ཅིག་གནང་ཡོད་འདུག་པ་ནི།༡ བར་སྐབས་དམ་འབུལ་གྱི་གནས་སྟངས་དཀའ་ངལ་འཕྲད་རིགས་ལ་བསྐྱར་བཅོས་ཇི་དགོས་ཡོང་ཐབས། […]

བྷན་ད་ར་ནོར་རྒྱས་གླིང་གི་མཉམ་འབྲེལ་དྲུང་ཆེ་བརླགས་ཏེ་རྙེད་མི་འདུག

ཟླ་འདིའི་ཚེས་༢༥ ་ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བདུན་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ལས་རིམ་ལྟར་ཐོག་མ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོས་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན་གནང་རྗེས། ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཐོག་བགྲོ་གླེང་གནང་སོང་། སྐབས་དེར་སྤྱི་འཐུས་རྣམ་པས་སློབ་གྲྭ་ཟླ་བསྒྲིལ་གྱི་སྐོར་དང་དཔེ་དེབ་པར་བསྐྲུན་དང་འགྲེམས་སྤེལ་བྱེད་ཕྱོགས། གཟའ་མཇུག་སློབ་གྲྭ་སོགས་ཀྱི་ཐོག་ལ་དོགས་འདྲི་དང་དགོངས་ཚུལ་ཕུལ་བར་ཤེས་རིག་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་སོང་། དེ་བཞིན་ནང་སྲིད་ས་ཁང་བདག་གཉེར་ཁང་དང་མཚོ་པདྨའི་དབུ་རྩེ་རི་ཁྲོད་ཀྱི་ས་ཆའི་དཀའ་ངལ། རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞི  ལྷག་པར་དུ་༧གོང་ས་མཆོག་གིས་ཐུགས་ཀྱི་གཟིགས་པ་ཆེན་པོས་འདས་པའི་ལོ་འགའ་ཤས་ནང་བྷན་ད་ར་ནོར་རྒྱས་གླིང་གི་མཉམ་འབྲེལ་ཡར་རྒྱས་དང་འབྲས་པགས་པ་བཤུ་རྒྱུའི་དོན་དུ་འབུམ་༢༦༠ གནང་བ་དག་དོན་ཐོག་ཏུ་ཕྱིན་ཡོད་མེད་དང་། མཉམ་འབྲེལ་དྲུང་ཆེ་བྲོས་ཡོད་མེད་ཀྱི་དོགས་འདྲི་གནང་བར་ནང་སྲིད་བཀའ་བློན་གྱིས་ཟླ་༣ ཚེས་༡༨ ཙམ་ལ་གནས་ཚུལ་དེ་ཤེས་རྟོགས་བྱུང་ཡོད་པ་དང་། ནང་མིའི་ངོས་ནས་མི་བརླག་པའི་སྙན་ཞུ་ཞིག་ས་གནས་སྐོར་སྲུང་བ་(ཉེན་རྟོག་པ་) ལ་ཕུལ་ཟིན་ཡང་ད་ལྟའི་ཆར་མཉམ་འབྲེལ་དྲུང་ཆེ་བཙལ་ཡང་རྙེད་ཀྱི་མེད་པ་དང་མི་ལྔ་ཅན་གྱི་ཚོགས་ཆུང་ཞིག་གིས་གནས་ཚུལ་དེའི་ཐོག་རྟོག་ཞིབ་བྱེད་རྒྱུ་ཡིན་པའི་ལན་འདེབས་གསལ་བཤད་གནང་སོང་། གསར་འགོད་པ། བློ་བཟང་རྒྱ་མཚོ།

བཙན་བྱོལ་བའི་སེམས་ནང་ནས་གཏིང་བརྗེད་དུ་འགྲོ་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ།

ཉག་རོང་དོན་གྲུབ། ཨེ་ཡོང་མགོ་དཀར། ནེའུ་ཡོག་མཐོ་སྒང་ཨེ་ཤ་ཡའི་དཔེ་མཛོད་ཁང་དུ་བོད་ཟླ་༠༡པོའི་༢༨ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦:༣༠ཐོག ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ནས། བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ་སྐོར་ལ་མྱོང་ཚོར་ཅན་གྱི་གཏམ་བཤད་ཅིག་གནང་སོང་། སྐབས་དེར་ཁོང་གིས་ཆོས་དབྱིངས་མཁས་གྲུབ་ངོ་ཤེས་སྟངས་དང་། བཙོན་ཁང་ནང་གི་དཀའ་སྡུག་གི་གནས་སྟངས་སོགས་ཕལ་ཆེར་ང་ཚོས་ཀྱང་མིག་ལམ་ལ་མཐོང་ཐུབ་པ་འདྲ་པོ་ཞིག་བཤད་སོང་། དེ་བཞིན་རྒྱ་མིས་བོད་མི་ཆབ་སྲིད་བཙོན་པ་ཚོ་ལ་མཐོང་ཆུང་དང་བརྙས་བཅོས་བྱས་ནས། “ཨེ་ཡོང་མགོ་དཀར་”ཞེས་ཞེ་ཁྲེལ་གྱི་ཚིག་མཚོན་ཞིག་འདེབས་ཀྱི་རེད་ཟེར། རྒྱ་མི་ཚོས་”ཁྱོད་རང་ཚོས་དཀའ་སྡུག་མྱོང་བ་རང་སྡུག་རེད། སོ་སོའི་སྡུག་གྱོང་རེད། བོད་རང་བཙན་ཟེར་བ་ཡོང་ཡ་ཡོད་མ་རེད། ཁྱོད་ཚོས་བོད་རང་བཙན་ཨེ་ཡོང་ཨེ་ཡོང་བསམ་ནས་མགོ་དཀར་པོ་ཆགས་འགྲོ་རེད་”ལབ་ནས་གཉའ་གཅོག་ཐབས་བྱེད་ཀྱི་ཡོད་པ་རེད་འདུག་མོད། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ནི་སེམས་ཤུགས་མི་ཆགས་པར་ཆབ་བཙོན་རྙིང་པ་ཚོས་གསར་པ་ཚོ་ལ། “ཨ་མའི་བུ།ཁྱོས་གོ་ཆོད་སོང་། ཆབ་སྲིད་བཙོན་པ་གཅིག་ཆགས་ཐུབ་པ་ཙམ་གྱིས་གོ་ཆོད་སོང་བ་རེད། ད་ཁྱེད་རང་ཆུ་ཚོད་ཉི་ཤུ་རྩ་བཞིར་ཉལ་བསྡད་ནའང་བོད་དོན་ལ་ཕན་ཐོགས་ཀྱི་ཡོད་རེད། བོད་རང་བཙན་མ་ཐོབ་བར་དུ་ཆབ་སྲིད་བཙོན་པ་རྒྱུན་ཆད་ཡ་ཡོད་མ་རེད། གལ་ཏེ་ཆབ་སྲིད་བཙོན་པ་དགུ་བཅུ་ཐམ་པ་ཡོད་ན། ཁྱེད་རང་བསླེབས་ནས་བརྒྱ་ཐམ་པ་ཆགས་སོང་པ་རེད་”ཟེར་ནས་གཅིག་གིས་གཅིག་ལ་སྙིང་སྤོབས་དང་། ལ་རྒྱའི་སྐད་ཆ་མ་གཏོགས་བཤད་ཀྱི་མེད་པ་དང་། གལ་ཏེ་བཙོན་པ་གཅིག་ལ་རྒྱ་མིས་འདྲི་རྩད་དང་མནར་གཅོད་སོགས་བཏང་བ་ཧ་གོ་ན། ལམ་སང་བཙོན་ཁང་ནང་ནས་བོད་རང་བཙན་གྱི་སྐད་འབོད་ཤུགས་ཆེན་པོ་རྒྱག་གི་འདུག་ཟེར། དེ་དང་མཉམ་དུ་ཁོང་གིས་”ང་ཚོའི་བོད་རང་བཙན་རྩོད་ཡ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཉིས་ཡོད་པ་རེད། དང་པོ་དེ་ཆབ་སྲིད་བཙོན་པ་རྒྱུན་མ་ཆད་ནས་ཡོང་དགོས་པ་དང་།གཉིས་པ་ང་ཚོ་ལ་བཙན་བྱོལ་བ་ཡོད་དགོས་རེད། བཙན་བྱོལ་བ་ཡོད་པ་ནི་ད་ལྟའི་རྒྱ་དམར་སྲིད་གཞུང་ལ་ངོས་ལེན་མེད་པ་དང་། བོད་ཀྱི་བདག་དབང་སླར་གསོ་དགོས་པ་བཅས་མཚོན་གྱི་ཡོད་རེད་”ཟེར། ཆབ་སྲིད་བཙོན་ཟུར་བསྟན་དར་ལགས་ཀྱིས་ཁོང་གློད་གྲོལ་གཏོང་སྐབས། བཙོན་རོགས་ཚོའི་ཕྱག་ལ་འཇུས་ཏེ། “ང་ཕྱི་ལོགས་ལ་ཐོན་ནས་རང་གི་ལྟོ་གོས་ལ་མགོ་འཁོར་ནས་རྩ་བ་ཉིད་ནས་མི་འདུག་ཅེས་དམ་བཅའ་བཞག་ཡོད་པས། སོ་སོས་གང་འཇོན་དང་གང་ཐུབ་ཚོད་ཀྱིས་ལས་འགུལ་སྤེལ་གྱི་ཡིན་མོད། ང་ལ་ཁྱོད་ཚོ་མི་མང་གི་རོགས་རམ་མེད་ན། ང་བསྟན་པ་དར་རྒྱས་གཅིག་པོས་ཅི་འཇོན་ཚང་མས་ཧ་གོ་གསལ་རེད། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ང་ཚོས་མ་མཐོང་མདོག་མདོག་བྱས་ནས་བསྡད་ན། ང་ཚོར་ལ་རྩ་བ་ནས་དག་གི་མ་རེད་”ཅེས་ཟེར། དམིགས་བསལ་ཆབ་སྲིད་བཙོན་པ། བཙན་བྱོལ་བོད་མི་ཞིག་ལ་ཐད་ཀར་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ་སུ་རེད་ཅེས་དྲིས་ན།ཕལ་མོ་ཆེའི་ཧ་མི་གོ་བ་ལྟ་བུའི་གནས་སྟངས་ཆགས་ཡོད་འདུག ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་གཏམ་བཤད་མ་གནང་སྔོན་ལ། གཙོ་འཛིན་པ་བསམ་ཕོ་བསྟན་འཛིན་ལགས་ཀྱིས། “བོད་ནང་ལ་ཆབ་སྲིད་བཙོན་པ་མང་དྲག་རྐྱེན་ཆོས་དབྱིངས་མཁས་གྲུབ་སུ་ཡིན་ནམ་སྙམ་ནས། བོད་གཞུང་གི་དྲྭ་རྒྱའི་ནང་ལ་འཚོལ་ཞིབ་བྱེད་སྐབས། དེར་བོད་པའི་ཆབ་སྲིད་བཙོན་པ་བརྒྱད་ཅུ་གྱ་གསུམ་འདུག བརྒྱད་ཅུ་ཐམ་པ་སྤྱིར་བཏང་ཆབ་སྲིད་བཙོན་པ་དང་། དམིགས་བསལ་ཆབ་སྲིད་བཙོན་པ་གསུམ་ཡོད་པའི་ནང་གི་དང་པོ་དེ་ཁོང་རེད་འདུག་”ཟེར། དེ་དང་མཉམ་དུ་བསམ་ཕོ་ལགས་ནས་”ད་ལྟ་བར་དུ་བོད་ནང་གི་ཆབ་སྲིད་བཙོན་པ་ཚང་མ་བོད་རང་བཙན་རྩོད་མཁན་རྐྱང་པ་རེད་མ་གཏོགས། དབུ་མའི་ལམ་གྱི་ཐ་སྙད་བོད་ལ་རང་སྐྱོང་དགོས་ཟེར་ནས་ཆབ་སྲིད་བཙོན་པ་གཅིག་ཀྱང་བྱུང་ཡོད་པ་མ་རེད་”ཅེས་ལབ་སོང་། བཙན་བྱོལ་ནང་ལ་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དབུ་མའི་ལམ་བཙན་འཛུགས་བྱས་པ་ནས་བཟུང་། ཕྱི་ནང་གི་གནོན་ཤུགས་འདྲ་མིན་འོག་བཙན་བྱོལ་བོད་མི་རྣམས་ཆབ་སྲིད་ལ་དོ་སྣང་ཆུང་དུ་བཏང་བ་དང་། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་རྩིས་མཐོང་མེད་པ་ཆགས་རྐྱེན། ད་ནི་རྒྱ་མིས་བོད་ཀྱི་ཆབ་བཙོན་རྣམས་ལ་རང་སྡུག་རེད་ལབ་པ་དངོས་གནས་བདེན་པ་ཆགས་ཀྱི་ཡོད་པ་འདྲ། སྤྱི་ཟུར་ངག་དབང་ཐར་པ་ལགས་ཆོས་དབྱིངས་མཁས་གྲུབ་ཀྱི་ཕ་ཡུལ་དང་དགོན་པ་གཅིག་པ་ཡིན་རྐྱེན། ཆོས་དབྱིངས་ལྷུན་གྲུབ་སྐོར་ལ་གཏམ་བཤད་ཅིག་གནང་སོང་། ཁོང་གིས་གོ་ཐོས་བྱུང་བ་ལྟར་བྱས་ན། “ད་ལྟ་སོག་རྫོང་གཅིག་པོ་ལ་ཆབ་སྲིད་བཙོན་པ་ཉི་ཤུ་ལྷག་ཡོད་པ་དང་། བཞི་བཅུ་ལྷག་གློད་གྲོལ་ཐོབ་ཚར་འདུག་”ཟེར། […]

༢༠༢༣ ལོར་བཙན་བྱོལ་ནང་ཕྲུ་གུ་གསར་དུ་སྐྱེས་པའི་གྲངས་༣༦༤ ཙམ་ཡིན་འདུག

ཟླ་འདིའི་ཚེས་༢༣ ་ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དྲུག་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ལས་རིམ་ལྟར་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཁག་གཏན་འབེབས་དང་དེའི་ཐོག་སྤྱི་ཡོངས་བགྲོ་གླེང་གནང་སྐབས། སྤྱི་འཐུས་རྣམ་པས་ཆོས་རིག་དང་འཕྲོད་བསྟེན་ལས་ཁུངས་དང་འབྲེལ། སྨན་བཅོས་ལྟ་སྐྱོང་གི་ལས་གཞི། ཟློས་གར་ཚོགས་པས་དེ་སྔ་བཞིན་མ་ཡིན་པ་བསམ་བློ་རྒྱ་ཆེ་ཙམ་བཏང་ནས་བོད་ཆོལ་ཁ་གསུམ་ཀའི་གཞས་སྣ་འཁྲབ་སྟོན་བྱེད་དགོས་པ། རྒྱལ་བ་ཀརྨ་པ་རྒྱ་གར་ལ་གདན་ཞུ་གནང་དགོས་པ། སྨན་རྩིས་ཁང་གི་གནས་བབ་ཇི་ལྟར་ཆགས་ཡོད་མེད་སོགས་ཀྱི་ཐོག་ལ་དོགས་འདྲི་གནང་བར་དཔལ་འབྱོར་བཀའ་བློན་གྱིས་སྨན་རྩིས་ཁང་གི་བདག་དབང་ནི་རྩོད་མེད་ཡིན་པ་དང་དེའི་བྱུང་རབས་བོད་པ་མ་གཏོགས་ཐུག་ས་མེད་པ། ད་ལྟ་དཀར་ནག་བར་རྩོད་རེས་བྱེད་བཞིན་པ་དེ་ཚོའི་རྗེས་སུ་གང་འདྲ་དགོས་འདུག་ལྟ་བ་ལས་སྟབས་བདེ་བོ་མེད་པ་སོགས་དང་། གཞན་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་འོག་ཏུ་ཡོད་པའི་རྒྱ་གར་ནང་ས་གནས་ཁག་༣༨ དང་བལ་ཡུལ་ནང་ས་གནས་ཁག་༩ བཅས་ས་གནས་ཁག་༤༧ ནང་། ཕྱི་ལོ་༢༠༡༨ ལོར་ཕྲུ་གུ་གསར་སྐྱེས་གྲངས་༤༢༢། ཕྱི་ལོ་༢༠༡༩ ལོར་༤༡༩། ཕྱི་ལོ་༢༠༢༠ ལོར་༤༠༥། ཕྱི་ལོ་༢༠༢༡ ལོར་༤༢༧ཕྱི་ལོ་༢༠༢༢ ལོར་༤༡༥ཕྱི་ལོ་༢༠༢༣ ལོར་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་༣༦༤ བཅས་ཆགས་ཡོད་པའི་ལན་འདེབས་གསལ་བཤད་གནང་སོང་། གཞན་ཡང་སྤྱི་འཐུས་རྣམ་པས་བོད་ནས་གསར་དུ་འབྱོར་མཁན་ཚོའི་ལོ་ཚད་ལ་མ་ལྟོས་པར་ཤེས་ཡོན་གྱི་གོ་སྐབས་བསྐྲུན་དགོས་པའི་དགོངས་ཚུལ་གསུངས་སོང་ལ། ཤེས་རིག་བཀའ་བློན་གྱིས་གསུངས་གསལ་ལྟར་ན་ད་ལྟའི་ཆར་སྣེ་ལེན་ཁང་དུ་བོད་ནས་གསར་དུ་འབྱོར་མཁན་༢༠ ཡོད་པ་མ་ཟད། ཁོང་ཚོར་གང་གི་ཐད་ནས་ལྟ་སྐྱོང་གནང་གི་ཡོད་པར་གསུངས་སོང་། དེ་བཞིན་བདེ་སྲུང་བཀའ་བློན་གྱིས་ཁོང་ཚོའི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆེད། སྣེ་ལེན་ཁང་ནས་ཐོན་རྗེས་མ་གཏོགས་སྣེ་ལེན་ཁང་དུ་ཡོད་དུས་བཅར་འདྲི་བྱེད་རྒྱུའི་གོ་སྐབས་མེད་ཅེས་སོགས་གསུངས་སོང་། གསར་འགོད་པ། བློ་བཟང་རྒྱ་མཚོ།

ཨུ་རུ་སུའི་ནང་མི་གསོད་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་མང་པོའི་ཚེ་སྲོག་ཤོར་ཡོད་འདུག 

ཨུ་རུ་སུའི་རྒྱལ་ས་(Moscow)མོ་སི་ཁོའི་ནང་གི་ཟློས་གར་ཚོགས་ཁང་ཞིག་ཏུ་གློ་བུར་དུ་དྲག་སྤྱོད་པ་འགའ་ཤས་ཀྱིས་མེ་མདའ་ཁྱེར་ནས། མི་ཚོགས་ཁྲོད་མེ་མདའ་གང་བྱུང་བརྒྱབས་པའི་རྐྱེན་གྱིས་མི་མང་ཕོན་ཆེན་པོ་ཤི་རྨས་བྱུང་ཡོད་འདུག  ཕྱི་ཚེས་༢༣ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཚེས་༢༢ ཉིན་གྱི་དགོང་མོ་ཨུ་རུ་སུའི་ནང་མི་གསོད་དོན་རྐྱེན་ཆེན་པོ་ཞིག་བྱུང་ཡོད་འདུག་པ་དང་། དོན་རྐྱེན་དེའི་ཁྲོད་ད་བར་ཤེས་རྟོགས་བྱུང་བར་གཞིགས་ན་མི་༡༡༥ ཙམ་གྱི་ཚེ་སྲོག་ཤོར་ཞིང་མི་༡༠༠ ཙམ་རྨས་སྐྱོན་ཕོག་ཡོད་འདུག དེ་རིང་ཕྱི་ཚེས་༢༣ ཉིན་མི་གསོད་དོན་རྐྱེན་ཁྲོད་ཡོད་པའི་དོགས་ཡོད་དྲག་སྤྱོད་པ་མི་བཞི་དང་གཞན་མི་༧ བཅས་ཁྱོན་མི་༡༡ ཨུ་རུ་སུ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་བརྗོད་དོན་ལ། ཐོག་མར་མི་འགའ་ཤས་ཀྱིས་མེ་མདའ་ཁྱེར་ནས་ཁང་བརྩེགས་མཐོན་པོ་ཡོད་པའི་ཟློས་གར་ཚོགས་ཁང་ཞིག་གི་ཕྱི་ཕྱོགས་ནས་ཡར་འཛུལ་ཡོད་པ་དང་། སྐབས་དེ་དུས་ལམ་བར་ནས་མེ་མདའ་རྒྱག་གིན་རྒྱག་གིན་ཡོང་ནས་མི་མང་པོ་ལ་མེ་མདའ་ཕོག་ཡོད་འདུག་པ་དང་། དེའི་རྗེས་ལྟད་མོ་སྟོན་སའི་ཟློས་གར་ཚོགས་ཁང་ཞིག་གི་ནང་དུ་ཡར་འཛུལ་ནས་ཚོགས་ཁང་ནང་ཡོད་པའི་མི་མང་ཐོག་དྲག་རྒོལ་བྱས་ཏེ་མི་མང་ཕོན་ཆེན་ཤི་རྨས་བྱུང་ཡོད་འདུག དེ་བཞིན་དྲག་སྤྱོད་པ་དག་གིས་ལག་འབམ་གཡུགས་ནས་ཁང་པ་ཡང་གཏོར་རྒོལ་ཆེན་པོ་བྱས་ཡོད་འདུག དྲག་རྒོལ་དེ་བྱེད་མཁན་(ISIS) ཟེར་བའི་དྲག་སྤྱོད་ཚོགས་པ་དེས་ཁོང་ཚོ་ཡིན་པར་བརྗོད་ཡོད་འདུག་ཀྱང་། ཁོང་ཚོ་ཡིན་པའི་དཔང་རྟགས་གང་ཡང་རྙེད་མེད་པ་ཡིན་འདུག ཉེ་ཆར་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཁ་ཆེ་དྲག་སྤྱོད་པ(ISIS) ཡིས་ཨུ་རུ་སུའི་ནང་གཏོང་རྒོལ་བྱེད་འཆར་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་པ་དང་། ཨུ་རུ་སུ་ལ་ཟླ་བ་འདིའི་ཟླ་མགོ་ནས་བརྗོད་ཡོད་ཚུལ་འདུག་ཀྱང་། ཉན་འཇོག་མ་བྱས་པའི་རྐྱེན་གྱིས་མི་གསོད་དོན་རྐྱེན་ཚབས་ཆེན་འདི་བྱུང་བར་རྗོད་མཁན་འདུག  ཨུ་རུ་སུའི་རྒྱལ་ཁབ་སྲུང་སྐྱོབ་པ་ཟེར་བའི་དམིགས་བསལ་དམག་སྡེ་ཞིག་གིས་བརྗོད་དོན། ད་ལྟ་ཁོང་ཚོས་དྲག་སྤྱོད་པ་དག་འཛིན་བཟུང་བྱེད་བཞིན་ཡོད་ཚུལ་བརྗོད་འདུག ཨ་རིའི་གཞུང་གིས་གཟའ་པ་སངས་ཉིན་ཨ་རིའི་ནང་མི་མང་ཕོན་ཆེན་གྱི་འདུ་འཛོམས་རིགས་མ་བྱེད་ཅེས་དྲག་སྤྱོད་པས་ཨུ་རུ་སུའི་ནང་གཏོར་རྒོལ་བྱེད་འཆར་ཡོད་པའི་རྐྱེན་གྱིས་། ཨ་རི་ནང་ལ་ཡང་དེ་ལྟར་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག ད་ཆར་ཨུ་རུ་སུའི་དམག་མི་༦༠༠༠ ཙམ་གཏོར་རྒོལ་གཏོང་ཡུལ་དུ་བཏང་ཡོད་འདུག ཁ་སང་དགོང་མོའི་ཟློས་གར་ཚོགས་ཁང་ནང་གཞས་པ་དག་གིས་སྡིངས་ཆའི་ཐོག་གཞས་འཁྲབ་གྲབས་ཡོད་དུས་དོན་རྐྱེན་དེ་བྱུང་ཡོད་འདུག དེ་བཞིན་དྲག་སྤྱོད་དག་གིས་སྣུམ་དང་ལག་འབམ་སོགས་གང་བྱུང་གཡུགས་ནས་ཚོགས་ཁང་མེ་ཆེན་པོ་ཡང་ཤོར་ཡོད་འདུག འོན་ཀྱང་། ཨུ་རུ་སུའི་སྲིད་འཛིན་གྱིས་ད་བར་རྒྱལ་ཁབ་སུ་གཅིག་ལ་ཁག་གཡོག་པ་སོགས་གང་ཡང་བྱས་ཡོད་མི་འདུག ཨུ་རུ་སུའི་ཕྱི་སྲིད་མགྲིན་ཚབ་པ་(Maria Zakharova )ཟེར་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀླ་ཀློའི་སྤྱོད་ཚུལ་དེ་ལ་མྱ་ངན་ཞུ་གི་རེད་ཅེས་བརྗོད་འདུག དེ་སྔོན་ཕྱི་ལོ་༢༠༠༢ ལོར་ཨུ་རུ་སུའི་ནང་མི་མང་གི་དགོང་ཚོགས་ཤིག་གི་ཐོག་དྲག་རྒོལ་བྱུང་ནས་མི་མང་པོ་བསད་པའི་ལོ་རྒྱུས་ཡོད་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

སྲིད་བློན་མོ་དྷི་འབྲུག་ཡུལ་དུ་ཉིན་གཉིས་རིང་གཟིགས་སྐོར་དང་འབྲུག་ཡུལ་གྱི་སྣེ་ལེན་ཟབ་རྒྱས།

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཟིགས་སྐོར་དུ་ཕེབས་ཡོད་འདུག་པ་དང་། ཐེངས་འདིའི་གཟིགས་སྐོར་དེ་རྒྱ་གར་དང་འབྲུག་ཡུལ་གཉིས་བར་སྔར་ལས་འབྲེལ་བ་དམ་ཟབ་ཡོང་ཆེད་དུ་ཡིན་འདུག  ཕྱི་ཚེས་༢༢ ཉིན་རྒྱ་གར་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༢ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་རྒྱ་གར་དང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་དུ་གཟིགས་སྐོར་དུ་ཕེབས་ཡོད་འདུག་ལ། ཐེངས་འདིའི་མོ་དྷི་ཡི་གཟིགས་སྐོར་དེ་རྒྱ་གར་གྱི་ཧི་མ་ལ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དག་དང་པོ་ཟེར་བའི་སྲིད་བྱུས་ཤིག་དང་འབྲེལ་ནས་གཟིགས་སྐོར་ཕེབས་ཡོད་འདུག སྲིད་བློན་མོ་དྷི་འབྲུག་གི་སྤ་གྲོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་དུས་འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱས་ཀྱིས་སྣེ་ལེན་ཞུས་ཡོད་འདུག་པ་དང་། དེ་བཞིན་འབྲུག་ཡུལ་གྱི་མི་མང་གིས་རྒྱལ་སྤྱིའི་གནམ་ཐང་ནས་འབྲུག་ཡུལ་གྱི་རྒྱལ་ས་ཐེམ་ཕུའི་བར་སྤྱི་ལེ་༤༥ ཙམ་གྱི་ལམ་ཟུར་དུ་ཕེབས་བསུ་སྣེ་ལེན་ཟབ་རྒྱས་བྱས་ཡོད་འདུག ཁ་སང་གཟའ་པ་སངས་ཉིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་བརྗོད་དོན་ལ། ཐེངས་འདིའི་མོ་དྷིའི་གཟིགས་སྐོར་དེ་རྒྱ་གར་དང་འབྲུག་ཡུལ་གཉིས་ཀྱི་སྔར་ནས་འབྲེལ་བ་ཡོད་པ་བཞིན་རྒྱལ་ཁབ་གཉིས་བར་དུས་ནས་དུས་སུ་གྲོས་མོལ་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིའི་གཟིགས་སྐོར་དེ་ཡང་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དང་བདེ་འཇགས་སྲུང་སྐྱོབ་སྐོར་ཡིན་པར་བསྒྲགས་འདུག འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་གྱིས་(x)སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་ངའི་གཅེན་པོ་མོ་དྷི་ལགས་འབྲུག་ཡུལ་དུ་ཕེབས་པར་དགའ་བསུ་ཞུ་ཞེས་བཀོད་འདུག་ལ། མོ་དྷིས་ཀྱང་(x)སྤྱི་ཚོགས་བརྒྱུད་ལམ་ཐོག་ཏུ་ང་ད་ལྟ་འབྲུག་ཡུལ་ལ་འགྲོ་བཞིན་ཡོད། འབྲུག་ཏུ་ཕྱིན་ནས་ཕྱོགས་གཉིས་བར་ལས་དོན་མང་པོ་ཞིག་གི་སྐོར་གྲོས་བསྡུར་བྱས་ཏེ་འབྲུག་ཡུལ་དང་རྒྱ་གར་བར་གྱི་འབྲེལ་བ་དམ་ཟབ་གཏོང་རྒྱུ་ཡིན་ཞེས་དང་། དེ་བཞིན་འབྲུག་ཡུལ་གྱི་རྒྱལ་པོ་དང་སྲིད་བློན་ཚེ་རིང་སྟོབས་རྒྱལ་གཉིས་མཇལ་རྒྱུ་ཡིན་ཞེས་བཀོད་འདུག ཐེངས་འདིའི་གཟིགས་སྐོར་སྐབས་དུ་འབྲུག་ཡུལ་གྱི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་། འབྲུག་ཡུལ་གྱི་རྒྱལ་པོ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག དེ་བཞིན་སྲིད་བློན་ཚེ་རིང་སྟོབས་རྒྱལ་བཅས་མཇལ་འཆར་ཡོད་འདུག རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་ཐེངས་འདིའི་གཟིགས་སྐོར་དེ་རྒྱ་གར་དང་འབྲུག་ཡུལ་གཉིས་བར་གྱི་འབྲེལ་ལམ་ནི་དམིགས་བསལ་ཞིག་ཡིན་པ་དང་། ཕན་ཚུན་ཡིད་ཆེས། བསམ་ཤེས། མཛའ་མཐུན་ཐོག་ནས་བཙུགས་པ་ཡིན་པར་བརྟེན། ཕྱོགས་གཉིས་ཀྱི་མི་མང་གི་མངོན་འདོད་དང་གནད་དོན་དུ་མ་ཞིག་གི་སྐོར་གོ་བསྡུར་བྱེད་རྒྱུའི་གོ་སྐབས་ཡག་པོ་རེད།  འབྲུག་ཡུལ་དང་རྒྱ་གར་གཉིས་བར་ཆོས་ཕྱོགས་དང་མི་མང་དང་མི་མང་བར་ལ་ཡང་འབྲེལ་ལམ་གཏིང་ཟབ་ཡོད་རེད་ཅེས་བརྗོད་འདུག ཐེངས་འདིའི་གཟིགས་སྐོར་སྐབས་སྲིད་བློན་མུ་དྷི་ལགས་ཀྱིས་འབྲུག་ཡུལ་ནང་གསར་རྒྱག་བྱས་པའི་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་ཨ་མ་དང་བྱིས་པའི་སྨན་ཁང་(Gyaltsuen Jetsun Pema Wangchuck Mother and Child Hospital)ཟེར་བ་ཞིག་འབྲུག་ཡུལ་གྱི་རྒྱལ་སའི་ནང་དབུ་འབྱེད་བྱེད་རྒྱུ་ཡིན་འདུག་ལ་སྨན་ཁང་དེ་གསར་རྒྱག་ཆེད་དུ་རྒྱ་གར་གཞུང་གིས་རོགས་རམ་ཆེན་པོ་བྱས་ཡོད་འདུག  གཞན་(state-of-the-art hospital)ཟེར་བ་ཞིག་ཀྱང་དབུ་འབྱེད་བྱེད་རྒྱུ་ཡིན་འདུག ཐེངས་འདིའི་གཟིགས་སྐོར་སྐབས་སུ་འབྲུག་རྒྱལ་པོའི་ཆེ་བསྟོད་གཟེངས་རྟགས་ཟེར་བའི་འབྲུག་ཡུལ་གྱི་གཟེངས་རྟགས་མཐོ་ཤོས་དེ་སྲིད་བློན་མོ་དྷི་ལ་ཕུལ་ཡོད་འདུག་པ་དང་། དེ་ཡང་འབྲུག་ཡུལ་ཆེས་མཐོའི་གཟེངས་རྟགས་དེ་ཕྱི་རྒྱལ་གྱི་དབུ་ཁྲིད་ལ་ཕུལ་བ་སྲིད་བློན་མོ་དྷི་ཐོག་མ་ཆགས་ཡོད་འདུག་པ་དང་། མོ་དྷིས་ཁོ་རང་གི་ངོ་དེབ་ཐོག་གཟེངས་རྟགས་འདི་ནི་རྒྱ་གར་མི་མང་ཐེར་འབུམ་༡.༤ ལ་ཕུལ་བ་རེད་ཅེས་བརྗོད་འདུག ཉེ་ཆར་བདམས་པའི་འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་གྱི་ཕྱི་ཕྱོགས་སུ་གཟིགས་སྐོར་ཐོག་མ་དེ་རྒྱ་གར་ནང་བདུན་ཕྲག་སྔོན་མར་ཕེབས་ཡོད་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

རྒྱ་གཞུང་གིས་བཙུགས་པའི་གཏན་འཇགས་སློབ་གྲྭ་ཁག་ནང་བོད་སྐད་དཔེ་ཡག་པོ་སློབ་ཀྱི་འདུག་ཟེར།

སུད་སིར་གནས་སྡོད་བོད་པའི་བུད་མེད་བདེ་ཆེན་ཤག་ཟེར་བ་ཞིག་གིས་རྒྱ་གཞུང་གིས་བོད་རྒྱ་བསྒྱུར་གྱི་ཆེད་དུ་བཙུགས་པའི་གཏན་འཇགས་སློབ་གྲྭར་བསྔགས་བརྗོད་དང་བོད་ལ་ཡར་རྒྱས་ཆེན་པོ་བཏང་འདུག ཟླ་འདིའི་ཕྱི་ཚེས་༡༩ ཉིན་སྦར་ཟིལ་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་Eurepoter ཞེས་པའི་གསར་ལམ་དང་། ཚེས་༢༠ ཉིན་China Daily ཞེས་པའི་གསར་ལམ་དུ་གནས་ཚུལ་སྤེལ་གསལ་ལྟར་ན།ཉེ་ཆར་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་རུའི་མཐོ་སློབ་གཅིག་གི་ཚོགས་ཁང་དུ་གཞུང་འབྲེལ་མ་ཡིན་པའི་རྒྱ་ནག་གི་སྤྱི་ཚོགས་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པ་ཟེར་བ་ཞིག་གི་གོ་སྒྲིག་འོག རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། བོད་དང་ཤར་ཏུར་ཀི་སི་ཐན་ཚུད་པའི་རྒྱ་ནག་མི་རིགས་རང་སྐྱོང་ས་ཁུལ་ཁག་ལ་ཡར་རྒྱས་བཏང་བའི་སྐོར་སོགས་ཞིབ་འཇུག་བྱས་པའི་སྙན་ཐོ་སྒྲོག་སྦྱོང་ལྟ་བུའི་ཚོགས་འདུ་ཞིག་འཚོགས་འདུག་པ་དང་། ཚོགས་འདུ་དེར་རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་པ་ཡིན་སྐད་ཀྱི་Liang Junyan ཟེར་བ་ཞིག་དང་སྦེལ་ཇམ་བོད་ཐོག་མཁས་པའི་མིང་ཅན་གྱི་ Andre Lacroi ཟེར་བ། བོད་པའི་གཞས་མ་བདེ་ཆེན་ཤག་སོགས་རྒྱ་ནག་གི་འདོད་པ་ལྟར་ཤོད་མཁན་ཁག་ཅིག་ལ་གཏམ་བཤད་བྱེད་བཅུག་ཡོད་འདུགLiang Junyan ཟེར་བ་དེས་ ༡༩༥༩ སྔོན་༧གོང་ས་མཆོག་དང་བོད་ཀྱི་སྐུ་དྲག་ལ་གསེར་དངུལ་དང་ཞིང་ས་སོགས་རྒྱུ་ནོར་དང་བྲན་གཡོག་མང་པོ་ཡོད་སྐོར་དང་། སྐབས་དེར་བོད་མི་ཚོས་དཀའ་སྡུག་མྱོང་རབས་དང་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་བའི་རྗེས་སུ་བོད་ནང་ཚད་མཐོའི་སྤྱི་ཚོགས་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད་སྐོར། གཞན་ཡང་གཏན་འཇགས་སློབ་གྲྭ་སོགས་གང་སྤྱིའི་ཐད་ཡར་རྒྱས་བཏང་སྟེ། བོད་མི་ཞིང་བྲན་ས་ཡ་གཅིག་ལ་བཅིངས་འགྲོལ་བཏང་ཡོད་ཚུལ་སོགས་འཁྱོག་བཤད་མང་པོ་བྱས་འདུག དེ་བཞིན་Andre Lacroi ཟེར་བས་ང་ཚོ་ཡུ་རོབ་ནང་བོད་ཟེར་དུས་གཉའ་གནོན་ཐེབས་པ་དང་ཁོང་ཚོའི་ཐོབ་ཐང་ལ་ཆེ་མཐོང་མེད་པའི་གྲངས་ཉུང་མི་རིགས་ཤིག་མཐོང་གི་ཡོད་ཚུལ་དང་། འོན་ཀྱང་བོད་ནང་དུ་སོང་ན་སྒེའུ་ཁུང་གཞན་ཞིག་སྒོ་ཕྱེས་པ་ལྟ་བུ་ཚང་མ་ཁ་ཁར་མཐོང་གི་ཡོད་པ་དང་། ཁོ་རང་དང་པོ་བོད་ནང་དུ་འགྲོ་སྐབས་བོད་པ་ཚོ་ནི་རིག་གཞུང་རྩ་མེད་དུ་བཏང་བའི་གནོད་འཚེ་ཕོག་ཡུལ་ཞིག་ཡིན་པ་ཡིད་ཆེས་བྱས་ཀྱང་། དོན་དངོས་སུ་བོད་ནང་གི་དགོན་སྡེ་དང་རིག་གཞུང་ཕུན་སུམ་ཚོགས་པར་མཐོང་ཡོད་སྐོར་དང་། རྗེས་སུ་ཞིབ་འཇུག་བྱེད་དུས་ནང་ཆོས་དེ་འཛམ་གླིང་གི་ཆོས་ལུགས་གཞན་དང་གཅིག་མཚུངས་ཡིན་པ། ༧གོང་ས་མཆོག་གི་ཐུགས་དགོངས་དེ་དངོས་ཡོད་དང་མི་མཐུན་སྐོར་སོགས་འཁྱོག་བཤད་མང་པོ་བྱས་འདུག ལྷག་ཏུ་སུད་སིར་གནས་སྡོད་བོད་པའི་གཞས་མ་བདེ་ཆེན་ཤག་གིས་རྒྱ་གཞུང་གིས་༢༠༡༩ ལོ་མཇུག་བར་བོད་ནང་གི་དབུལ་ཕོངས་ཀྱི་དཀའ་སྡུག་མེད་པར་བཟོས་པ། བོད་མི་རྣམས་ལ་ཆེ་མཐོང་ལྡན་པའི་མི་ཚེ་ཞིག་སྐྱེལ་རྒྱུའི་གོ་སྐབས་སྤྲད་པ། དེ་བཞིན་བོད་ཀྱི་གཏན་སློབ་ཁག་གིས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་བོད་ཡིག་སློབ་ཁྲིད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བས་མོ་རང་དགའ་པོ་བྱུང་སྐོར་དང་སྦྲགས། གཏན་སློབ་འདི་ལམ་ལྷོང་དང་ལེགས་འགྲུབ་ཡོང་བར་རེ་བ་རྒྱག་གི་ཡོད་པར་བརྗོད་འདུག གནས་ཚུལ་འདི་དག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་རྗེས་བོད་མི་ཚོས་ངོ་དེབ་སོགས་ཀྱི་ཐོག་ནས་ངོ་རྒོལ་དང་བསམ་ཚུལ་སྤེལ་མཁན་མང་པོ་འདུག་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་ཚོགས་དུས་༧ པའི་ལས་ཉིན་༤ པར་ཁོང་མོ་ལྟ་བུ་དག་རྒྱ་མིའི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པའི་སྐོར་གླེང་སློང་བྱུང་ཡོད་པ་དང་། སྐབས་དེར་ཡོ་རོབ་སྤྱི་འཐུས་ཀྱིས་ཁོང་མོ་ངོ་ཤེས་ཀྱི་ཡོད་པ་དང་གནས་ཚུལ་དེ་དངོས་ཡོད་ཡིན་མིན་ཁོང་མོའི་གསལ་བཤད་གཅིག་ཡོང་རེ་ཡོད་པར་བརྗོད། དེའི་ཆུ་ཚོད་འགའི་རྗེས་བདེ་ཆེན་ཤག་གིས་གསལ་བཤད་སྐར་མ་༩ ལྷག་ཅན་གྱི་བརྙན་ཐུང་ཞིག་མོ་རང་གི་ངོ་དེབ་ཐོག་བཞག་སོང་ལ། དེའི་ནང་དུ་སྔོན་ཆད་ཚོགས་ཐོག་ཏུ་གང་བཤད་པ་ལྟར་བོད་ནང་གི་གནས་སྟངས་དང་གཏན་སློབ་ཁག་གི་ནང་དུ་བོད་སྐད་ཡག་པོ་རྒྱག་གི་ཡོད་སྐོར། འདི་ནས་བཤད་པ་ལྟར་མིན་པར་ཚང་མ་ཡག་པོ་ཡོད་སྐོར་བརྗོད་པ་མ་ཟད། བཙན་བྱོལ་བོད་པ་ཚོས་འདྲ་མིན་བཤད་ནས་གཏན་སློབ་དེ་ཚོར་འགོག་རྐྱེན་མ་བཟོས་ན་ཡག་པོ་ཡོད་སྐོར་སོགས་བརྗོད་འདུག གཞན་ཡང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ནམ་རྒྱུན་ལྟར་བལ་ཡུལ་གནས་སྡོད་མི་སེར་གྱི་ལག་ཁྱེར་ཡོད་མེད་ལ་མ་ལྟོས་པར་བོད་པ་ཡིན་པའི་ཨ་ནེ་ཆོས་དབྱིངས་སྒྲོལ་མ་སོགས་བོད་མི་ཁག་ཅིག་བལ་ཡུལ་དུ་རྒྱ་མིའི་ལོ་གསར་དང་རྒྱ་མིའི་གཞུང་ཚབ་མཉམ་དུ་མཛད་སྒོར་བཅར་བ་བཅས་ལ་བོད་མི་མང་པོས་ངོ་རྒོལ་བྱེད་ཀྱི་འདུག་ལ་སྤྱི་འཐུས་གྲོས་ཚོགས་ནང་དུ་ཡང་གླེང་སློང་བྱུང་སོང་། གསར་འགོད་པ། བསྟན་འཛིན་ལམ་བཟང་།

ལྡི་ལིའི་སྤྱི་ཁྱབ་བློན་ཆེན་འཛིན་བཟུང་དང་ཕྱོགས་འགལ་ཚོགས་པའི་ངོ་རྒོལ།

ལྡི་ལི་མངའ་སྡེའི་མི་མང་དཀྱུས་མའི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀེ་ཇི་རི་ཝལ་རྒྱ་གར་དབུ་གཞུང་གིས་ལྐོག་ཟ་རུལ་སུངས་དང་འབྲེལ་བར་བརྗོད་ནས་འཛིན་བཟུང་བྱས་ཡོད་པར་བརྟེན། ད་ཆར་ཕྱོགས་འགལ་ཚོགས་པས་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་འདུག  ཕྱི་ཚེས་༢༢ ཉིན་རྒྱ་གར་དང་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Mr Kejriwal)ཀེཇི་རི་ཝལ་རྒྱ་གར་དབུ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་པ་དང་། འཛིན་བཟུང་བྱེད་དགོས་དོན་ནི་ཆང་རག་འཚོང་ཕྱོགས་ཐད་གཞུང་གི་སྲིད་བྱུས་དང་འགལ་བའི་ལྐོག་ཟ་རུལ་སུངས་བྱས་ཡོད་པ་སོགས་ཀྱི་གནད་དོན་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་འདུག འོན་ཀྱང་། (Mr Kejriwal)ཀེཇི་རི་ཝལ་གྱིས་ཁོང་གིས་ནོར་འཁྲུལ་གང་ཡང་བྱས་མེད་ཅེས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནང་བརྗོད་ཡོད་འདུག རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་ཚོས་ཀེཇི་རི་ཝལ་འཛིན་བཟུང་བྱས་པ་ནི་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་ཡིན་པ་ལས་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་མ་རེེད་ཅེས་བརྗོད་འདུག་ཀྱང་།  མོ་དྷིའི་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་ཆེད་ཡིན་པར་བརྗོད་འདུག ཁོང་འཛིན་བཟུང་མ་བྱས་པའི་བདུན་ཕྲག་གཅིག་གི་སྔོན་དུ་ཡོང་འགྱུར་གྱི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ཁྲོད། ད་ལྟའི་གཞུང་འཛིན་ཚོགས་པའི་(BJP)སྲིད་དོན་ཚོགས་པ་ལ་ཁ་གཏད་གཅོག་ཆེད། རྒྱ་གར་ནང་ཡོད་པའི་སྲིད་དོན་ཚོགས་པ་༢༧ གྱིས་མཉམ་རུབ་བྱེད་ཀྱི་ཡོད་པར་བརྗོད་འདུག  རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀང་རེ་སི་ཡིས་(x )སྤྱི་ཚོགས་དྲྭ་ལམ་ཐོག  གཅིག་བསྡུ་དབང་འཛིན་རིང་ལུགས་ཀྱིས་དམངས་གཙོ་ཉམས་དམས་སུ་གཏོང་རྒྱུའི་འཇིགས་སྣང་འདུག་ཅེས་བརྗོད་འདུག (Samajwadi )ཟེར་བའི་སྲིད་དོན་ཚོགས་པའི་འགོ་ཁྲིད་(Akhilesh Yadav)ཟེར་བ་ཞིག་(x )སྤྱི་ཚོགས་དྲྭ་ལམ་ཐོག་ཀེཇི་རི་ཝལ་འཛིན་བཟུང་བྱས་པ་ནི་མི་མང་ཁྲོད་གསར་བརྗེ་ཆེན་པོ་ཞིག་ཡོང་འཇུག་རྒྱུའི་སྔོན་བརྡ་བཏང་བ་རེད་ཅེས་དང་། བྷི་ཇེ་པིི་སྲིད་དོན་ཚོགས་པས་ཐེངས་རྗེས་མའི་འོས་བསྡུའི་ཁྲོད་བྷི་ཇེ་པི་སྲིད་དོན་ཚོགས་པ་བསྐྱར་དུ་འོས་ཐོབ་ཐུབ་ཀྱི་མེད་པ་ཤེས་རྟོགས་འབྱུང་གི་ཡོད་པར་བརྟེན། འོས་བསྡུ་མ་ཡོང་སྔོན་དུ་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་རྣམས་འཛིན་བཟུང་གང་བྱུང་བྱེད་ཀྱི་ཡོད་པ་ལས་འགོ་ཁྲིད་ལ་ཉེས་པ་ཡོད་མ་རེད་ཅེས་བརྗོད་འདུག  རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Pinarayi Vijayan)ཡིས་ཀེཇི་རི་ཝལ་འཛིན་བཟུང་བྱས་པ་དེ་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་སླེབས་ལ་ཉེ་བར་བརྟེན། ཕྱོགས་འགལ་སྲིད་དོན་ཚོགས་པའི་ནུས་པ་གཅོག་ཐབས་ཆེད་དུ་འཛིན་བཟུང་བྱས་ཡོད་པ་རེད་ཅེས་བརྗོད་འདུག འདས་པའི་ལོ་ཤས་ནང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འགའ་དཔྱ་ཁྲལ་དང་འབྲེལ་བའི་ཉེས་འཛུགས་ཐོག་ནས་འཛིན་བཟུང་བྱས་ཡོད་འདུག ཕྱི་ལོ་༢༠༡༣ ལོར་ཀེཇི་རི་ཝལ་ལྡི་ལིའི་གཞུང་གི་གོ་གནས་ཐོག་སླེབས་ཡོད་འདུག་པ་དང་། ཕྱིས་སུ་ཁོང་རྒྱ་གར་གྱི་མངའ་སྡེ་འགའ་ཤས་ནང་འོས་བསྡུའི་ཁྲོད་རྒྱབ་སྐྱོར་ཐོབ་ནས་རྐུབ་བཀྱག་མང་པོ་ཐོབ་ཡོད་འདུག་ལ། སྲིད་བློན་མོ་དྷིའི་སྐྱེས་ཡུལ་མངའ་སྡེ་གྷུ་ཇི་ར་ཐིའི་ནང་ལ་ཡང་རྐུབ་བཀྱག་འགའ་ཤས་ཐོབ་ཡོད་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

སྤྱི་འཐུས་ཕྱོགས་བསྐྱོད་དགོས་མིན་ཐད་མང་མོས་འོས་བསྡུ་དང་བགྲོ་གླེང་།

ཟླ་འདིའི་ཚེས་༢༢ ་ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ལྔ་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ལས་རིམ་ལྟར་ཚོགས་ཐུན་དང་པོའི་ཐོག་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་གྱིས་བཏོན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་ཆ་ཤས་བླངས་ནས་བགྲོ་གླེང་གནང་སྐབས། སྤྱི་འཐུས་རྣམ་པས་སྤྱི་འཐུས་རྣམས་ནི་མི་མང་དང་འཛིན་སྐྱོང་བར་གྱི་ཟམ་པ་ལྟ་བུ་ཞིག་ཡིན་པ་དང་། ཕྱོགས་བསྐྱོད་བརྒྱུད་ས་གནས་མི་མང་གི་དཀའ་ངལ་དང་དོགས་འདྲི་སེལ་བར་ཕན་ཐོགས་ཡོད་པ། མང་གཙོའི་སྤྱི་ཚོགས་ནང་འགན་མ་ཁུར་ན་རྙོག་དྲ་ཡོང་གི་ཡོད་པ་དང་མང་གཙོ་ལ་རྒྱུས་ལོན་ལེགས་པོ་དགོས་པས་མི་མང་ལ་ཟབ་སྦྱོང་དང་གོ་རྟོག་སྤེལ་རྒྱུའི་དུས་ཚོད་བསླེབས་ཡོད་པ། མི་མང་གི་ངོས་ནས་དགག་བྱ་དང་དྲི་བ་འདྲི་ཆོག་ན་ཡང་། སྤྱི་འཐུས་རྣམས་ནི་མི་མང་གི་འཐུས་མི་ཞིག་ཡིན་པར་ངོས་འཛིན་ཞུས་པའི་ཐོག་གུས་བཀུར་བྱེད་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་སོང་། གྲོས་ཆོད་འདོན་མཁན་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་གྱིས་ས་གནས་མོན་གྷོ་དང་དྷི་མ་པུར་(Dimapur) ་བཅས་སུ་སྤྱི་འཐུས་རྣམ་པས་བཀའ་སློབ་གནང་དུས་མི་མང་རྣམས་ཀྱིས་མ་ཉན་པ་ཕྱིར་ཐོན་ཕྱིན་པ་སོགས་བསྡོམས་རྒྱག་མ་ཐུབ་པ་དང་། དེ་བཞིན་སྤྱི་འཐུས་ནང་ལ་འཚམས་གཟིགས་མ་ཕེབས་མཁན་མང་པོ་ཡོད་པ་དང་། ཕེབས་ནའང་སོ་སོའི་དགོས་མཁོ་དང་འོས་ཤོག་ག་བར་ཡོད་མེད་ལ་བལྟས་ནས་ས་གནས་བརྗེ་མཁན་ཡོད་པར་བརྟེན་གྲོས་ཆོད་དེ་ཁྱེར་ཡོང་བ་ཡིན་ཞེས་གསུངས་སོང་། བགྲོ་གླེང་བྱས་པའི་རྗེས་གཞུང་འབྲེལ་སྤྱི་འཐུས་ཕྱོགས་བསྐྱོད་དགོས་མིན་ཐད་མང་མོས་འོས་བསྡུ་གནང་བར་སྤྱི་འཐུས་༣ ་གྱིས་རྒྱབ་སྐྱོར་དང་སྤྱི་འཐུས་༣༤ ་ཡིས་དགག་བྱ་བྱས་པར་བརྟེན་གྲོས་ཆོད་གྲོས་འཆར་དེ་མར་ཟགས་སོང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་། ཕྱི་ལོ་༢༠༠༣ ཟླ་༤ ཚེས་༡ འཁོད་སྐབས་༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥ པའི་ཡིག་ཆ་ཨང་༤༠ པ་དང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཨང་༢༠༠༣།༡༣།༥།༥༣ པ་མང་མོས་གཏན་འབེབས་ཀྱིས་”ཚོགས་གཙོ་བགྲེས་གཞོན་གཉིས་ཕུད་དེ་མིན་སྤྱི་འཐུས་རྣམས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་ས་ཆ་ཆ་བགོས་རེའུ་མིག་གཏན་འབེབས་གནང་བ་ལྟར་འགན་འཁུར་ཞུ་རྒྱུ།” ཞེས་སོགས་གསལ་བ་བཞིན་ད་བར་ལག་བསྟར་ཚུལ་བཞིན་བྱུང་མེད་པ་དང་། ད་ལྟའི་ཆར་དུས་ཀྱི་འགྱུར་འགྲོས་དང་མང་ཚོགས་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་གནས་སྟངས་གང་ལ་བལྟས་ཀྱང་གྲོས་ཆོད་དེ་ཉིད་དགོས་གལ་མ་མཐོང་བས་གྲོས་ཆོད་དེ་ཕྱིར་འཐེན་གྱི་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང་། ཞེས་དང་། གྲོས་ཆོད་ནང་སྐབས་༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥ པའི་ཡིག་ཆ་ཨང་༤༠ པ་དང་གྲོས་ཆོད་ཨང་ ༢༠༠༣།༡༣།༥།༥༣ པ་དེ་ཉིད་ཕྱིར་འཐེན་བྱ་རྒྱུའི་སྤྱི་མོས་སམ་མང་མོས་གྲོས་ཆོད་ཅེས་འཁོད་འདུག། རིམ་པས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཐོག་བགྲོ་གླེང་གནང་སོང་། སྐབས་དེར་སྤྱི་འཐུས་རྣམ་པས་དང་བླང་དཔྱ་དངུལ་ལག་དེབ་དང་བོད་ཀྱི་བུད་མེད་ནུས་སྟོབས་སོགས་ཀྱི་ཐོག་དགོངས་ཚུལ་དང་དོགས་འདྲི་ཞུས་པར་དཔལ་འབྱོར་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་ནས་དཔལ་འབྱོར་ལས་ཁུང་ཀྱི་རྒྱུན་གྲོན་དང་དམིགས་བསལ་སོགས་གཏན་འབེབས་གནང་སོང་།  གསར་འགོད་པ། བློ་བཟང་རྒྱ་མཚོ།