ཆུ་སྒང་དུས་དྲན་སྲུང་བརྩི།
ཟླ་འདིའི་ཚེས་༡༦ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་མངའ་ཁུལ་ཀ་ལི་མན་ཌོན་དོན་གྲུབ་གླིང་བོད་མིའི་གཞིས་སྒར་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱ་ཡོངས་ཚོགས་ཆེན་ཐེངས་༤༤ པ་དང་འགན་འཛིན་ལྷན་ཚོགས་ཐེངས་༢༠ པའི་ཚོགས་ཆེན་དུས་གཅིག་སྟབས་བསྟུན་གྱི་འཚོགས་ཡོད་པ་རེད།
ཉིན་འདིའི་སྔ་དྲོ་ཚོགས་ཆེན་དབུ་འཛུགས་མ་ཞུས་པའི་སྔོན་དུ་ཆུ་ཚོད་༨ པའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༦འཁོར་བའི་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཞུས་སོང་ལ། དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་གྲའུ་དཔོན་རིན་ཆེན་ཚེ་རིང་དང་དམིགས་བསལ་སྐུ་མགྲོན་སྐུ་ཚབ་དང་། བོད་མི་མང་སྤྱི་འཐུས་དང་སྤྱི་ཟུར། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གླིང་ཚང་པདྨ་བདེ་ལེགས་གཙོས་དབུས་རྒྱུན་ལས་དང་རྒྱུན་ཟུར། དེ་བཞིན་ཆུ་སྒང་ས་གནས་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། གཞན་ཡང་ས་གནས་ཀྱི་དགོན་སྡེ་གྲྭ་ཚང་དང་གཞིས་ཆགས་ཁག་ལྔའི་རང་ཁོངས་ཚོགས་བཅར་བ་སེར་སྐྱ་མི་མང་བཅས་མཉམ་ཞུགས་ཐོག་བོད་སྐྱོང་ལྷ་སྲུང་འཕྲིན་བཅོལ་དང་ལྷ་རྒྱལ་བསངས་གསོལ་རླུང་རྟ་སྒྲེང་འཛུགས་གནང་གྲུབ་རྗེས་ཐེངས་འདིའི་ཚོགས་ཆེན་དངོས་སུ་དབུ་འཛུགས་གནང་སོང་།
དེ་ཡང་ཐོག་མར་སྐུ་མགྲོན་རྣམ་པ་དང་སྤྱི་འཐུས་རྣམ་པ། དབུས་རྒྱུན་རྣམས་པ་བཅས་ཀྱིས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་ནས་སྤྱན་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་ནས་སྐུ་འགྲོན་གཙོ་བོ་རྣམས་ཀྱིས་རིམ་བཞིན་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་ཛ་སག་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་སྐུ་པར་བཅས་ལ་མཇལ་དར་སྒྲོན་འབུལ་གྱི་ལས་རིམ་གྲུབ་པ་དང་། ཚོགས་བཅར་བ་ཡོངས་སྐུ་བཞེངས་ཐོགབོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་ཆབས་ཅིག བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་དང་ལྷག་པར་དུ་མདོ་ཁམས་ཆུ་གཞི་སྒང་དྲུག་གི་སྒྲིག་འཛུགས་ལ་ཤིན་ཏུ་ནས་བཀའ་དྲིན་ཅན་གྱི་ཛ་སག་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་།བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམས་རྒྱལ་གྱིས་དབུས།སྔོན་གཤེགས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་དང་།བོད་རང་དབང་སླར་གསོའི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ།མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས་སོང་།
དེ་ནས་༩་༣༠ཐོག་སྐུ་མགྲོན་རྣམས་པ་དང་ཚོགས་བཅར་བ་ཡོངས་ལ་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་བཅས་ཀྱི་ལས་རིམ་གྲུབ་རྗེས། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཚོགས་གཙོ་གླིང་ཚང་པདྨ་བདེ་ལེགས་ཀྱིས།མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསུང་འཕྲིན་སྒྲོགས་སྦྱང་དང་།དུས་དྲན་དང་འབྲེལ་ངོ་སྤྲོད་གཏམ་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་གྲའུ་དགོན་རིན་ཆེན་ཚེ་རིང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་ལོ་རྒྱུས་དེབ་ཕྲེང་བཞི་པ་དབུ་འབྱེད་གནང་སོང་།
དེ་ནས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བོད་མི་མང་སྤྱིན་འཐུས་ལྷན་ཚོགས་གྱི་གསུང་འཕྲིན་སྒྲོགས་སྦྱང་གནང་གྲུབ་པ་དང་དམིགས་བསལ་སྐུ་མགྲོན་མགོན་པོས་ཆུ་སྒང་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་དང་འཚམས་འདྲི་སོགས་ཞུས་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་གྲའུ་དཔོན་རིན་ཆེན་ཚེ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་གྲུབ་པ་དང་དབུས་སྤྱི་ཁྱབ་རྒྱུན་ལས་དྲུང་གཞོན་དགེ་བཤེས་ངག་དབང་བློ་བཟང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས།ཐེངས་འདིའི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
དེ་བཞིན་ཉིན་འདིའི་ཕྱི་དྲོ་ཆུ་ཚོད་༠༢ པའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༠༢ པ་དང་འགན་འཛིན་ལྷན་ཚོགས་ཐེངས་༤༤ པ་དེ་ཉིད་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།
ལྷོ་ཕྱོགས་གསར་འགོད་པས།
