ཆུ་སྒང་རྒྱལ་ཡོངས་ཚོགས་ཆེན་གྱི་གྲོས་ཆོད་ཁག་ཅིག
ཆུ་སྒང་རྒྱལ་ཡོངས་ཚོགས་ཆེན་ཐེངས་༢༠ པ་དང་། འགན་ཛིན་ལྷན་ཚོགས་ཐེངས་༤༤ པ་ལྡེ་ར་དུན་ཁུལ་དུ་འཚོགས་ཡོད་པ་ལྟར། ཚོགས་ཐོག་དུ་གྲོས་ཆོད་ཁག་གཅིག་གཏན་འབེབས་བྱས་ཡོད་པ་རེད།

དེ་ཡང་ཟླ་༦ ཚེས་༡༨ ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་དུན་དོན་གྲུབ་གླིང་གཞིས་ཆགས་ཀྱི་སློབ་གྲྭའི་ཚོགས་ཁང་དུ། ཉེ་ཆར་འོས་འདེམས་བྱུང་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་གསར་པ་༡༡ ནང་ཁུལ་ལས་བགོས་འོས་བསྡུ་བྱས་ཏེ། སྐབས་ ༢༠ པའི་དབུས་རྒྱུན་ཚོགས་གཙོ་པདྨ་བདེ་ལེགས་དང་། ཚོགས་གཞོན་བཀྲ་ཤིས་དཔལ་འབྱོར་དང་གླིང་ཚང་ཚེ་རྡོར། དྲུང་ཆེ་འཆམ་ར་དྲི་མེད་རྒྱལ་མཚན། དྲུང་གཞོན་ངག་དབང་ཐར་པ། མཐུན་འབྲེལ་འགན་འཛིན་བྲག་གཡབ་དོན་ལྡན་བཅས་འོས་འདེམས་བྱུང་ཡོད་པ་རེད།
རིམ་པ་བཞིན་ཚོགས་ཆེན་ཐོག་གྲོས་གཞི་ཁག་གི་ཐོག་བགྲོ་གླེང་གནང་མཐར།༧གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་ཞབས་རིམ་གསོག་སྒྲུབ་དང་དོལ་ཚོགས་ཀྱི་བཤད་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ། རྒྱ་གར་གཞུང་དང་རང་གཞུང་བདེ་སྲུང་སོགས་སུ་སྐུ་ཕྱའི་ཉེན་སྲུང་གཟབ་ནན་དགོས་པའི་སྙན་སེང་ཞུ་རྒྱུ། གཞིས་བཞུགས་བོད་མིའི་ཁོངས་རང་ལུས་མེར་སྲེག་གིས་མཚོན་པའི་ཛ་དྲག་ལས་འགུལ་སྤེལ་བཞིན་པ་དག་ལ་མྱ་ངན་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ལོ་རྒྱུས་དེབ་ཅིག་དང་ས་གནས་གལ་ཆེན་ཞིག་ཏུ་རྗེས་དྲན་རྡོ་རིང་བཞེངས་ཐབས་གནང་དགོས་པ། ད་ལྟ་འགྲོ་བཞིན་པའི་དགེ་རྩ་ཚོགས་པའི་ལས་རིམ་དག་ཧ་ཅང་ཡག་པོ་ཡིན་སྟབས། མ་འོངས་བོད་ཕྲུག་ཚོའི་ཤེས་ཡོན་ལ་རམ་འདེགས་སླད་མཐོ་སློབ་ཀྱི་སློབ་མ་ ༢༠ ལ་སློབ་ཡོན་གྱི་མཐུན་རྐྱེན་བསྐྲུན་རྒྱུ་དང་། རྒན་རབས་ཉམ་ཐག་ ༩༨ ལ་འཚོ་སྣོན་འབུལ་རྒྱུ་སོགས་འཁོད་ཡོད་པ་དང་། ཚོགས་འདུ་གྲོལ་རྗེས་ཉིན་གཅིག་རིང་ལྡེ་ར་དུན་ཁུལ་གྱི་གཞིས་ཆགས་དང་དགོན་སྡེ་ཁག་ལ་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།
ཟླ་འདིའི་ཕྱི་ཚེས་༢༥ ལྷག་སྐར་ཉིན་རྒྱུན་ལས་གསར་རྙིང་རྩིས་སྤྲོད་ལེན་བྱེད་རྒྱུ་ཡིན་པ་རེད།།