འཕྲོད་བསྟེན་སྐོར་གྱི་ཟབ་སྦྱོང་།
ཟླ་འདིའི་ཚེས་༢༠ནས་ཉིན་ལྔའི་རིང་བོད་གཞུང་འཕྲོད་སྟེན་ལས་ཁུངས་ཀྱི་བཀའ་འབྲེལ་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་(D T R) འཕྲོད་སྟེན་སྨན་ཁང་གིས་གོ་སྒྲིག་བྱས་ཏེ། སྨན་པའི་ཟབ་སྦྱོང་ཞིག་མོན་གྷོ་ས་གནས་དགའ་ལྡན་ཤར་རྩེ་གསོལ་མགྲོན་ཁང་གསར་པའི་ནང་འཚོགས་ཡོད་པ་རེད།
དེ་ཡང་ཚེས་༢༥ ཉིན་གྱི་ཉིན་རྒྱབ་འཕྲོད་བསྟེན་ཟབ་སྦྱོང་དེ་ལེགས་པར་གྲུབ་ནས་མཇུག་བསྡོམས་བྱས་ཡོད་པ་དང་། སྨན་པ་ཟབ་ཁྲིད་གནང་མཁན་ཐའེ་ཝན་ཡཱང་མེན་མཐོ་སློབ་ནས་ཕེབས་པའི་ཚེའུ་དང་། ཀྲུའུ། ཁོང་གཉིས་ཀྱི་རོགས་ཆེས་མཐོ་སྨན་པ་ཁག་གཅིག་བཅས་ཁྱོན་མི་གྲངས་བཅུ་གསུམ་ཡོད་པ་དང་། འཕྲོད་སྟེན་ཟབ་སྦྱོང་གཙོ་བོ་མང་ཚོགས་ཀྱི་འཕྲོད་བསྟེན་ཇི་ལྟར་བྱ་དགོས་སྐོར་དང་། ལྷག་པར་དུ་སྤྱི་ཚོགས་ནང་ཕན་ཚུན་འགོས་ནད་རིགས་དང་། དེའི་རིགས་རྟགས་དཔྱད་བྱེད་ཐབས།ནད་རིགས་གང་ཡིན་ངོས་ཟིན་རྗེས་བཅོས་ཐབས་སོགས་ཀྱི་སྐོར་ལ་ཡིན་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་མོན་གྷོ་ཌི་དང་སྦེལ་ཀོབ།ཧུན་སུར།གོ་ལི་གྷལ་གཞིས་ཆགས། དེ་བཞིན་རྒྱ་གར་ནུབ་ཕྱོགས་ཀ་ལན་སྦུགརྡོ་རྗེ་གླིང་། བྷན་ད་ར།ཨོ་རི་ས།མན་སྦར་གཞིས་ཆགས་བཅས་བཙན་བྱོལ་ནང་གི་གཞིས་ཆག་ཁག་བཅུ་གཅིག་ཙམ་གྱི་ནང་ནས་སྨན་པ་དང་སྨན་ཞབས་པ་མི་གྲངས་ཉེར་གཅིག་ཙམ་ཆེད་གཉེར་གྱི་ཟབ་སྦྱོང་འདིར་མཉམ་ཞུགས་བྱས་ཡོད་པ་རེད།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་དང་ཕན་འབྲས་བཅས་ཀྱི་སྐོར་ལ་མོན་གྷོ་འཕྲོད་སྟེན་སྨན་གི་འགན་འཛིན་ངག་དབང་ཐུབ་བསྟན་ལ་བཅར་འདྲི་ཞུས་པར།ད་ཐེངས་ཀྱི་ཟབ་སྦྱོང་འདིའི་ཕན་ཐོགས་ཆེན་པོ་བྱུང་སོང་ལ། ཐའེ་ཝན་ནས་ཕེབས་པའི་མཁས་དབང་དང་དེ་བཞིན་ཆེས་མཐོའི་སྨན་པ་ཆེད་དུ་ས་གནས་ས་ཐོག་གི་ནད་པར་བཅར་ནས་ནད་ལ་ཞིབ་འཇུག་བྱེད་སྟངས་ཀྱི་མཚོན་ལམ་ཁ་མང་པོ་ཞིག་ངོ་འཕྲོད་པ་དང་། ཚན་རིག་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་བྱས་ནས་ཟབ་སྦྱོང་ཉིན་ལྔའི་རིང་སྤྲད་ཡོད་པ་རེད་ལ།མ་འོངས་པ་ཡིན་ན་ཡང་བཙན་བྱོལ་ནང་མུ་མཐུད་ནས་འདི་ལྟ་བུའི་ཟབ་སྦྱོང་སྤྲད་ཐུབ་ན་དགེ་ཕན་ཆེན་པོ་ཡོད་ས་རེད་དྲན་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པས།
