ཨ་ར་རིང་པོ་བསགས་པར་ལོ་དྲུག་གི་ཁྲིམས་ཐག་བཅད།
རྒྱ་གཞུང་གིས་ཤིན་ཅང་ས་ཁུལ་དུ་ཁ་ཆེའི་སྐྱེས་པ་ཞིག་ལ་ཨ་ར་རིང་པོ་གསོག་པའི་ཉེས་འཛུགས་འོག ལོ་དྲུག་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
སྤྱིར་རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་སྐོར་འཁོད་ཡོད་ནའང། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་དང་དེའི་སྲིད་ཇུས་འོག་དུས་རྒྱུན་ནང་པ་དང། ཁ་ཆེ། ཡི་ཤུ་བཅས་ཆོས་ལུགས་ཚང་མར་དྲག་གནོན་གྱི་དབང་བསྒྱུར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་གནད་དོན་དཔྱད་ཞིབ་པ་མང་པོས་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་སྐྱོང་བ་ནས་བཟུང་། ཆོས་ལུགས་དྲག་གནོན་གྱི་སྲིད་ཇུས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
དེའང་ཕྱི་ཟླ་༣ པའི་ཚེས་༢༩ ཉིན་ཤིན་ཅང་གི་ཁ་ཤི་གྷར་(Kashgar) ཞེས་པའི་གྲོང་ཁྱེར་ནང་གནས་སྡོད་རང་ལོ་༣༨ ཅན་གྱི་ཡུ་གུར་བའི་སྐྱེས་པ་ཞིག་ལ་ལོ་དྲུག་དང། ཁོང་གི་ཆུང་མར་ལོ་གཉིས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། སྐྱེས་པ་དེས་ཕྱི་ལོ་༢༠༡༠ ནས་ཨ་ར་རིང་པོ་གསོག་འགོ་འཛུགས་པ་དང་ཁོང་གི་ཆུང་མོའང་ཁ་ཆེ་ཞིག་ཡིན་སྟབས། ཁ་ཆེའི་བུད་མེད་ཀྱི་ལུགས་སྲོལ་ལྟར་སེང་རས་ཀྱིས་གདོང་ཁེབས་པར་བརྟེན། ཤིན་ཅང་ས་ཁུལ་གྱི་ཞིབ་དཔྱོད་ལས་ཚན་པས་ཁྲིམས་གཏུགས་འོག ཁྲིམས་ཁང་ནས་ཁ་ཆེའི་བཟའ་མི་གཉིས་ལ་སྤྱི་ཚོགས་ནང་དཀའ་རྙོག་སློང་བའི་ཉེས་འཛུགས་བྱས་ཏེ། སྐྱེས་པ་ལ་ལོ་དྲུག་དང་ཆུང་མར་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
ཤིན་ཅང་གི་གཞུང་གིས་ལོ་ཤས་སྔོན་ནས་སྐྱེས་པ་རྣམས་ཀྱིས་ཨ་ར་རིང་པོ་འཇོག་པ་དེ་ཆོས་ལུགས་ཐལ་སྤྱོད་པའི་བྱ་སྤྱོད་ཅིག་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ས་གནས་དེའི་བུད་མེད་རྣམས་ལ་ཆེད་དུ་དམིགས་ཏེ། <<ཡིད་དུ་འོང་བའི་ལས་འཆར>>་ཞེས་པ་ཞིག་གཏན་འབེབས་བྱས་ཡོད་པའི་ནང་། ཁ་ཆེའི་བུད་མེད་རྣམས་ཀྱིས་ཁ་ཆེའི་གོན་པ་ནག་པོ་གོན་པ་དང་གདོང་རས་མི་ཁེབས་པའི་སློབ་གསོ་སྤེལ་བཞིན་ཡོད་པ་རེད།
རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཤིན་ཅང་ས་ཁུལ་གྱི་ཁ་ཆེེའི་བཟའ་མི་གཉིས་འཇུག་བཟུང་མ་བྱས་སྔོན་ཉེན་རྟོག་པས་ཉེན་བརྡ་ལན་མང་སྤྲད་ཡོད་ཀྱང་། ཉན་འཇོག་མ་བྱས་པ་བརྟེན་འཇུ་བཟུང་གིས་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག
འདི་ལོའི་འགོ་སྟོད་ནས་ད་བར་ཤིན་ཅང་ས་ཁུལ་གྱི་ཁ་ཆེའི་ཡུལ་མི་མང་པོ་ཞིག་ཨ་ར་གསོག་པ་དང་གདོང་རས་ཁེབས་པའི་དོན་རྐྱེན་འོག་འཇུ་བཟུང་དང་བཙོན་འཇུག་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཤིན་ཅང་ས་ཁུལ་དུ་ཆོས་དང་རིག་གཞུང་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ཀྱི་རྐྱེན་པས་འདས་པའི་ལོ་གཅིག་ནང་ཡུལ་མི་༢༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་དང། འབར་རྫས་འགད་གཏོར་དང་འཇིགས་སྐུལ་དོན་རྐྱེན་ཡང་ཐེངས་མང་བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་དོན་རྐྱེན་དེ་དག་ནི་ཁ་བྲལ་རིང་ལུགས་དང་ཆོས་ལུགས་དྲག་སྤྱོད་པས་སྤེལ་བ་ཡིན་པའི་ཉེས་འཛུགས་བྱས་ཡོད།
རྒྱ་གཞུང་གིས་ཤཱ་ཡཱ་རྫོང་ཁོངས་སུ་གྲོང་པ་ཁྱིམ་མཚེས་ནང་ཨ་ར་གསོག་མཁན་གྱི་སྐྱེས་པའི་གནས་ཚུལ་སྲིད་གཞུང་ལ་བརྡ་ལན་སྐྱེལ་ན་དངུལ་སྤྲོད་ཀྱི་ཡོད་པ་དང། ཀཱ་རཱ་མཱེ་གྲོང་ཁྱེར་དུ་ཨ་ར་རིང་པོ་བཞག་མཁན་དང་ཁ་ཆེའི་གྱོན་ཆས་གོན་མཁན་རྣམས་སྤྱི་སྤྱོད་རླངས་འཁོར་ནང་འགྲུལ་བསྐྱོད་བྱ་ཆོག་གི་མེད་པ་རེད།།
གསར་འགོད་པ་བསྟན་འཛིན་ཟླ་བ།
