བོད་ཁྱིམ་སློབ་གྲྭ་ཁག་གི་ཐད་ནས་རང་ཉིད་ཀྱི་མཐོང་ཆོས་བརྗོད་པ།
ངས་འདིར་རང་ཉིད་ཀྱི་མཐོང་ཚུལ་ཞིག་བརྗོད་འདོད་བྱུང་མོད། གཅིག་བྱས་ན་ངས་མཐོང་ཆོས་དེ་བསམ་བློ་གུ་དོག་པ་ཞིག་དང་། ཡང་ན། སྤྱི་ཚོགས་འདིས་གནད་ཟིན་པ་ཞིག་ཇི་འདྲར་གྱུར་ཡོད་མིན་ཤེས་མོད། འོན་ཀྱང་། ངས་ལོ་ཤས་སྔོན་ནས་བཟུང་སློབ་གྲྭའི་ཕྲུ་གུ་ཚོས་སྐད་ཆ་བཤད་ཕྱོགས་དང་ཀུན་སྤྱོད། བསམ་བློ།སློབ་སྦྱོང་སོགས་ཀྱི་ཐད་ལ་བལྟས་ཡོང་དུས་སྔོན་འགྲོ་དང་པོ་ནས་བཟུང་འཛིན་གྲྭ་དང་པོ་སོགས་དམའ་རིམ་ནས་སྦྲགས་སྐད་རྒྱག་པར་འགོ་འཛུགས་བཞིན་པར་བརྟེན། འདིའི་རིགས་ལ་གཟབ་ནན་ཞིག་བྱས་ན་རྗེས་སུ་འཛིན་གྲྭ་བཅུ་པ་དང་བཅུ་གཅིག བཅུ་གཉིས་བཅས་ནས་མཐོ་སློབ་སོགས་སློབ་གྲྭ་གང་དུ་ཕྱིན་ཀྱང་རང་སྐད་གཙང་མ་བཤད་པར་ཕན་ཐོགས་ཆེ་སྙམ།
གཟབ་ནན་བྱེད་དགོས་མཁན་གཙོ་བོ་ནི།འཛིན་གྲྭ་འཚོགས་དུས་དགེ་རྒན་དང་། ཕྱིར་སླེབས་དུས་ཕྲུ་གུའི་ཕ་མ། ཁྱིམ་ཚང་ཕ་ཚབ་མ་ཚབ་བཅས་ནས་འགོ་བཙུགས་ཏེ་བོད་སྐད་གཙང་མ་བཤད་རྒྱུའི་སྒྲིག་གཞི་ཞིག་ཡོད་ན། གནས་སྟངས་དེ་བཟོ་བཅོས་གཏོང་རྒྱུ་མེད་པ་དེ་འདྲ་ཞིག་མ་རེད་སྙམ། ང་རང་ཚོའི་བོད་ཁྱིམ་སློབ་གྲྭ་ཁག་བོད་རང་ཉིད་ཀྱི་སྐད་དང་ཡི་གེ་མི་ཉམས་རྒྱུད་འཛིན་གྱི་ཆེད་དུ་བཙུགས་པ་ཞིག་ཡིན་ན།
འདིའི་ཐད་ལ་སྒྲིག་གཞི་ཞིག་དགོས་པ་གཏན་འཁེལ་རེད། དེ་མིན་ངན་པ་ལངས་ཤོར་དུ་སོང་ཟིན་པས་ལས་སླ་བོས་བསྒྱུར་བཅོས་བྱེད་མི་ཐུབ། སྒྲིག་གཞི་དེ་དབུས་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གཙོས་ལྷན་ཁང་ཆེ་འབྲིང་ཆུང་གསུམ་ཁག་གི་ལས་བྱེད་ནས་བཟུང་སྟེ་ལག་བསྟར་བྱེད་དགོས་པ་ཞིག་རེད། དེ་མེད་ན་གཏམ་དཔེར། ཆུ་མགོ་ནས་རྙོགས་ན་དྭངས་མེད། སྒྲིག་མགོ་ནས་བཤིག་ན་གཞུག་མེད་ཟེར་བ་ལྟར་འགྱུར། གངས་སྐྱིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ར་བ་གོར་གོར་དེར་སླེབས་དུས་དབྱིན་བོད་ཧིན་གསུམ་སྦྲགས་མ་བཤད་ན་དེ་གཏན་ནས་མི་འགྲིག་པ་ཞིག་རེད། གཞི་རིམ་མང་ཚོགས་ཀྱིས་མིག་དཔེར་ལྟ་ཡུལ་དབུས་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་ཕྱག་ལས་གནང་མཁན་རྣམས་ཡིན་ལ།ཁོང་ཚོས་ར་མ་ལུག་གི་སྐད་བཤད་ཡོང་དུས་བུ་ཆེ་བར་མགོ་ཆེ་ཟེར་ན། བུ་ཆུང་བའི་མིང་བཤད་མི་དགོས་ཟེར་བ་ལྟར་རེད། ངས་འདི་ལྟར་བཤད་དུས་དེང་སྐབས་ཐོན་རྫས་གསར་བ་བྱུང་དུས་བོད་སྐད་ཐོག་མིང་མེད་པས་སྐད་རིག་གཞན་གྱི་ཐོག་ནས་མི་བཤད་ཐབས་མེད་རེད་ཟེར་བ་དང་། ཁོར་ཡུག་གི་དབང་གིས་དེ་འདྲ་ཡིན་པ་རེད། དེ་བསྒྱུར་བཅོས་གཏོང་རྒྱུ་ཁག་པོ་རེད་ཟེར་པ་དང་། ཡང་།
ང་ཚོས་ལོ་མང་པོར་དེ་རིགས་བཤད་པ་རེད་ཡིན་ནའང་ལག་ལེན་གྱི་ཐོག་ནས་དཀའ་ལས་ཁག་པོ་རེད། སྤྱི་ཚོགས་ལ་འགྱུར་བ་ཕྱིན་ཙང་དེ་རིགས་དཀའ་ལས་ཁག་གི་རེད་ཟེར་སྲིད་མོད། འོན་ཀྱང་དེའི་རིགས་རང་ཉིད་བོད་པ་ཞིག་ཡིན་པའི་འགན་མ་ཁུར་བ་ལྟ་བུར་གྱུར་ཡོད།
བོད་པ་རང་ཉིད་ཀྱི་སྐད་ཐོག་ནས་མིང་འདོགས་ཐུབ་པ་རྣམས་འདོད་རྒྱལ་དང་རྗེས་སྒྲུབ་གང་གི་ཐད་ནས་བདེ་ན་དེ་འདོགས་རྒྱུ་དང་། གལ་སྲིད་མི་ཐུབ་པའི་རིགས་པདྨ་དང་སེངྒེ་ཞེས་པ་ལྟར་འཇོག་རྒྱུ་དེ་ལས་མེད། གཙོ་བོ་བོད་པ་རང་ལ་ཐ་སྙད་ཡོད་པ་རྣམས་བེད་སྤྱོད་མི་གཏོང་བ་དང་། གལ་སྲིད་བཏང་ནའང་ལྡོག་ཕྱོགས་ནས་ཕྲ་མོ་དང་སྐམ་པོ་ལ་སྲབ་སྲབ(ཁ་སྐད་དུ་གྲབས་གྲབས་ཟེར་བ།)། སྦོམ་པོ་དང་ཆེན་པོ་ལ་རྒྱག་པ། བ་ཕྱུག་གི་ལྕི་བ་ལ་སྐྱག་པ། མི་ཞིག་ལྷོད་ལྷོད་ཀྱིས་འགྲོ་བཞིན་ཡོད་ན་སོབ་སོབ་འགྲོ་ཡི་འདུག་ཅེས་བཤད་མཁན་གྱི་རིགས་དེ་ནི་རང་གི་སྐད་དང་ཡི་གེར་གཏོར་བཤིག་གཏོང་མཁན་ལས་གཞན་ཕན་ནུས་གང་ཡང་མེད། དཔེར་ན། སྦྲགས་སྐད་བཤད་མཁན་གྱིས་ནི།ཅོག་ཙེ་ཆེན་པོ་ཞིག་མཐོང་ན། ཊ་བྷེལ་༼ཅོག་ཙེ་༽རྒྱག་པ། རྐུབ་སྟེགས་མང་པོ་ཡོད་ན།སི་ཊི་༼རྐུབ་སྟེགས་༽རྒྱག་ཚད་འདུག་ཟེར་ལྟ་བུ་བཤད་དུས་བློ་ཕམ་དང་ཡིད་སྐྱོ་དགོས་པ་ཞིག་རེད། འདིའི་རིགས་བེད་སྤྱོད་གཏོང་མཁན་མང་ཤོས་དེ་བོད་ཁྱིམ་སློབ་གྲྭ་ཁག་ཡིན་པས་ངས་དེ་རིང་འདིར་ཁོང་ཚོ་དགའ་དང་མི་དགའ་ཅི་འདྲར་གྱུར་ཀྱང་བཤད་དགོས་པ་དེ་བཤད་རྒྱུ་ལས་གཞན་ཐབས་བྱུས་གང་ཡང་མེད།
མི་རིགས་ཤིག་གི་བླ་སྲོག་འཛིན་མཁན་གཞོན་སྐྱེས་ཚོའི་ཤེས་ཡོན་དང་ཀུན་སྤྱོད་སོགས་ཡོད་ཚད་ཀྱི་རྨང་གཞི་སྐྲུན་མཁན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཡིན་པ་དེ་ང་ཚོ་ཆེ་འབྲིང་ཆུང་གསུམ་ཚང་མས་ཤེས་གསལ་རེད། དེར་བརྟེན་ངས་འདིར་ཁོང་ཚོར་གསལ་འདེབས་ཤིག་ཞུ་འདོད་བྱུང་།
སྔོན་འགྲོ་དང་པོ་ནས་འཛིན་གྲྭ་བཅུ་གཉིས་བར་གྱི་བོད་མི་ཡིན་པའི་དགེ་རྒན་ཡོད་དོ་ཅོག་ཁྱེད་རང་ཚོས་སློབ་ཕྲུག་ལ་སློབ་ཚན་ཁྲིད་སྐབས་དང་། ཕན་ཚུན་སྤྱིར་བཏང་གི་སྐད་ཆ་བཤད་སྐབས། སློབ་ཕྲུག་གིས་མཐོང་ཐོས་ཀྱི་སར་སོགས་སུ་སྦྲགས་སྐད་དང་ཀུན་སྤྱོད་འདྲ་མིན་སོགས་བེད་སྤྱོད་མི་གཏོང་རྒྱུ་ཆེས་གཟབ་ནན་བྱེད་ཡུལ་གཙོ་བོ་དེ་རེད།བོད་པ་རང་ཉིད་ཀྱི་གཞི་རྩའི་ཁྱད་ཆོས་དག་ལ་ངེས་པར་དུ་བེད་སྤྱོད་གཏོང་དགོས། གཞི་རྩའི་ཁྱད་ཆོས་དག་ལ་བེད་སྤྱོད་གཏོང་བ་དེ་གཟའ་འཁོར་གཅིག་གི་ནང་ཉིན་གཅིག་ལ་བོད་ཆས་གྱོན་པ་ཙམ་མ་ཡིན་པར། ཉིན་མཚན་དུས་དྲུག་ཏུ་བོད་པ་རང་གི་སྐད་དང་ཀུན་སྤྱོད་སོགས་བེད་སྤྱོད་རྒྱུ་དེ་ཡིན་ལ།དེའང་བོད་པའི་རྒྱུན་སྤྱོད་ཀྱི་ཁྲོད་དུ་སྤྱོད་སྟངས་ངན་པའི་རིགས་ནི་མི་རབས་གསར་པར་མ་འགོས་པ་ངེས་པར་དུ་བྱེད་དགོས་པ་ཞིག་རེད། ད་དུང་གཞན་དགེ་རྒན་གཅིག་པུ་མ་ཡིན་པར་སློབ་ཕྲུག་ཕ་མའི་འཁྲིས་ལ་ཉར་ཡོད་མཁན་དང་། སློབ་གྲྭའི་ཁྱིམ་ཚང་དུ་སྡོད་མཁན་བཅས་ལ་ཕ་མ་དང་ཁྱིམ་ཚང་ཨ་མ་བཅས་ཀྱིས་བོད་སྐད་གཙང་མ་བཤད་པ་སོགས་གོང་སྨྲས་དག་ལ་འགན་ངེས་པར་དུ་འཁུར་དགོས་པ་དང་། གལ་སྲིད་འགན་མ་ཁུར་བ་ཡིན་ན། དེ་ལ་དཔག་པའི་སྒྲིག་གཞི་ཞིག་ཏན་ཏན་དགོས་ངེས་རེད།
འདིར་ང་ཚོ་མི་རིགས་ཤིག་གི་ངོ་བོ་ཡལ་བཞིན་པའི་གཉན་འཕྲང་ལ་སླེབས་ཡོད་པ་དངོས་མཐོང་ལག་ཟིན་ཆགས་ཡོད་སྟབས་ང་མི་འོག་མ་ཞིག་གིས་གཏམ་གོང་མ་ཞིག་བཤད་ན་འཚམ་པོ་མེད་ཀྱང་། ངས་ཁ་མཁས་མདོག་དང་རང་གི་འཇོན་མདོག་བྱས་ཏེ་བཤད་པ་ཞིག་མིན།
ངས་ང་རང་ཉིད་ཀྱི་དུས་ཚོད་རིང་ཤོས་སྒྲིག་གཞི་ཞིག་གི་འོག་ནས་མིའི་གདོང་ལ་བལྟས་ཏེ་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་བྱས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་པས་རང་ཉིད་ཀྱིས་མཐོང་ཐོས་མྱོང་གསུམ་གྱི་ཚོར་ཤུགས་དང་བསྡུར་ནས་བསམ་གཞིག་བཏང་ན།རང་ཉིད་ནས་མགོ་བརྩམས་ཏེ་མི་རེ་ངོ་རེས་རང་གི་མི་རབས་ནས་མི་རབས་ཀྱི་དོན་དག་ཅིག་ཏུ་ངོས་འཛིན་བྱས་ན་ལས་དོན་དེ་ལག་ལེན་དུ་བསྟར་མ་ཐུབ་པ་ཞིག་དང་། སྒྲིག་གཞི་ཞིག་བཟོས་ནའང་དེ་བརྩི་མི་ཐུབ་པ་ཞིག་གཏན་ནས་མ་རེད། རྒྱུ་མཚན་དེ་འདྲ་ཞིག་གི་ཆ་ནས་མི་འོག་མས་གཏམ་གོང་མ་འདི་བཤད་པ་ཡིན།
འདིའི་རིགས་མི་གཅིག་གཉིས་ཤིག་གིས་བྱས་ན་ཡོང་ཐུབ་པ་ཞིག་མིན་པས་མི་རེ་ངོ་རེ་ནས་བྱེད་རྒྱུ་དེ་ང་ཚོ་འདིར་བཙན་བྱོལ་བ་ཡོངས་དང་། ལྷག་པར་དུ་བོད་མི་རིགས་ཀྱི་བླ་སྲོག་འཛིན་མཁན་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། དགེ་རྒན། ཁྱིམ་ཚང་ཕ་ཚབ་མ་ཚབ། སློབ་ཕྲུག་གི་ཕ་མ་བཅས་ཀྱིས་རང་ངོས་ནས་འགན་འཁུར་དགོས་ངེས་ཞིག་རེད། གཞན་ཞོར་འཕྲོས་སུ་ཞུ་རྒྱུ་ཞིག་ནི།
སློབ་ཕྲུག་གིས་གཤིས་སྤྱོད་ཀྱི་མིག་དཔེར་ལྟ་ཡུལ་རྒན་རབས་པ་དགེ་རྒན་དང་ཕ་ཚབ་མ་ཚབ། ཕ་མ་བཅས་ཕན་ཚུན་འཛེམས་དོགས་དང་ཟོལ་འགྲོགས་ལྟ་བུ་མེད་པར་སེམས་དང་སེམས་པ་གཅིག་ཏུ་འདྲེས་ཏེ་ཕན་ཚུན་ཡིད་ཆེས་དང་བློ་ཐུབ་བྱེད་རྒྱུ་གལ་ཆེན་རེད། རྒན་རབས་ཚོས་ཁྱོད་དང་ང་། ཁོ་ཞེས་ཕན་ཚུན་ཁྱི་དང་ར་ལྟ་བུར་བསྡད་ན་སློབ་ཕྲུག་གི་ངོས་ནས་འཐུས་ཤོར་མང་པོ་ཞིག་ཡོང་ངེས་རེད།
མཐའ་སྡོམ། ང་ཚོས་འདིར་༸གོང་ས་མཆོག་སྐྱབས་སུ་མཆི་ཞེས་ལག་གཉིས་ཐལ་མོ་སྦྱར། མིག་གཉིས་བཙུམ། མགོ་སྒུར་སྒུར་དང་སྒྱིད་པ་ཞ་ཞ་བྱེད་ཁུལ་བྱས་པ་ཙམ་གྱིས་བཀའ་བརྩིས་པ་དང་། སྐྱབས་སུ་བཟུང་ཐུབ་ཡོད་པའི་ངེས་པ་མེད། བྱས་ཙང་༸གོང་ས་མཆོག་གིས་སྐུ་ངལ་བསྐྱོན་ཡོད་པའི་མཛད་རྗེས་མངོན་གྱུར་པའི་ཆ་ཤས།ད་ལྟ་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་སློབ་གྲྭའི་ར་བ་འདི་གཅིག་པུའི་ཐད་མི་རེ་ངོ་རེ་ནས་མི་རིགས་རང་ཉིད་ཀྱི་སྐད་དང་ཀུན་སྤྱོད་སོགས་ཆེ་ཐུབ་ཆུང་ཐུབ་ཀྱིས་འགན་རང་འཁུར་ཞིག་བྱས་ན་དེ་ལས་ལྷག་པས་༸གོང་ས་མཆོག་གི་བཀའ་བརྩིས་པ་དང་སྐྱབས་སུ་བཟུང་བ་ཞིག་མེད་པར་འདོད།
གཡུ་སྒང་དགེ་འདུན་གྱིས་༢༠༡༤ཟླ་༧ ཚེས་༢༦ ཉིན་བྲིས།