ཨ་རིའི་བུད་མེད་ཀྱི་སྲིད་འཛིན་འོས་མི་ཐོག་མར་ལངས་རྒྱུའི་གསལ་བསྒྲགས།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ཧི་ལཱ་རི་ཁི་ལིན་ཌོན་ཕྱི་ལོ་༢༠༡༦ ལོའི་སྲིད་འཛིན་གྱི་འོས་མིར་ལངས་ཏེ། ཨ་རིའི་བུད་མེད་ཀྱི་སྲིད་འཛིན་ཐོག་མའི་འོས་འགྲན་ཁྲོད་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་འདུག
ཕྱི་ཟླ་༤ པའི་ཚེས་༡༢ ཉིན་དྲ་རྒྱ་བརྒྱུད་ལྕམ་ཧི་ལཱ་རི་ཁི་ལིན་ཌོན་ཕྱི་ལོ་༢༠༡༦ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་ལངས་རྒྱུའི་ལས་འགུལ་འགོ་འཛུགས་གནང་ཡོད་ཅིང། ཁོང་གིས་དྲ་རྒྱའི་ཐོག་ཁོང་མོར་ཨ་རིའི་འགོ་ཁྲིད་རྩེ་ཕུད་ཅིག་བྱ་རྒྱུའི་འདོད་པ་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད།
དེའང་ལྕམ་ཁི་ལིན་ཌོན་ནི་ཕྱི་ལོ་༢༠༠༨ ལོར་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཞུགས་ཀྱང་། སྐབས་དེར་ཨོ་བྷ་མ་ལ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་རྒྱལ་ཁ་ཐོབ་སྟེ་ཁོང་མོར་ཕམ་ཉེས་བྱུང་ཡོད།
ལྕམ་ཁི་ལིན་ཌོན་ནི་འབྱོར་འབྲིང་གྲལ་རིམ་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཁོང་གིས་ཨ་རིའི་འབྱོར་འབྲིང་གྲལ་རིམ་གྱི་དཔལ་འབྱོར་ཡར་རྒྱས་ཆེད་ལས་འཆར་དམིགས་བསལ་སྤེལ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང། གནས་ཚུལ་དབྱེ་ཞིབ་པ་ཚོས། ཁོང་མོར་ཆབ་སྲིད་ཀྱི་གོ་གནས་མཐོ་པོ་ཡོད་པའི་རྐྱེན་གྱིས་འབྱོར་འབྲིང་གྲལ་རིམ་གྱི་སྤྱི་ཚོགས་ཁྲོད་ནས་རྒྱབ་སྐྱོར་ཐོབ་ཁག་པོ་ཡོད་ཚུལ་དང། དེ་བཞིན་ཁོང་མོར་ཁ་གཏད་ཆབ་སྲིད་ཚོགས་པའི་གནོན་ཤུགས་ཀྱང་མང་དུ་འགྲོ་བཞིནཡོད་ཅིང་། ཟླ་འདིའི་ཕྱི་ཚེས་༡༠ ཉིན་ཁ་གཏད་ཚོགས་པས་ཨ་སྒོར་འབུམ་གཅིག་གིས་དྲ་ལམ་ཁག་ཏུ། ལྕམ་ཁི་ལིན་ཌོན་ལ་སྐྱོན་བརྗོད་ཀྱི་དྲིལ་བསྒྲགས་འདྲ་མི་སྤེལ་ཆེད་འགྲོ་སོང་བཏང་ཡོད་སྐོར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད། དེ་བཞིན་ཐེངས་འདིར་ཁོང་མོར་རྒྱལ་ཁ་ཐོབ་པར་ཨ་མི་རི་ཀའི་གནས་བབ་དང་འཚམས་པའི་མ་འོངས་ལས་འཆར་འདོན་ཏེ། མི་མང་གི་རྒྱབ་སྐྱོར་ཐོབ་ཐུབ་པར་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག
ཨ་རིའི་མང་གཙོ་ཚོགས་པ་ནི་འཛམ་གླིང་ཐོག་གི་ཆབ་སྲིད་ཚོགས་པ་རྙིང་ཤོས་ཤིག་ཡིན་པ་དང། རྒྱལ་ཁབ་ཀྱི་མངའ་སྡེ་༢༨ ཙམ་གྱིས་ཚོགས་པ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ལྕམ་ཁི་ལིན་ཌོན་གྱིས་གཟའ་འཁོར་རྗེས་མ་ནས་འགོ་འཛུགས་ཏེ་མངའ་སྡེ་ཁག་ནང་རྨང་གཞིའི་རྒྱབ་སྐྱོར་སློང་ཆེད་ཕྱོགས་བསྐྱོད་བྱ་རྒྱུ་ཡིན་པ་རེད།
ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁོང་མོར་སྲིད་འཛིན་གྱི་ཆ་རྐྱེན་ཚང་ཡོད་པས་མ་འོངས་སྲིད་འཛིན་རྩེ་ཕུད་ཅིག་བྱ་ཐུབ་སྐོར་བརྗོད་ཡོད་པ་དང། དེ་བཞིན་ད་ལྟའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་རྗོན་ཁེ་རི་ཡིས་ཀྱང་ལྕམ་ཁི་ལིན་ཌོན་ཁོང་གི་གྲོགས་པོ་ཡག་པོ་ཞིག་ཡིན་སྐོར་བརྗོད་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་འདུག
གསར་འགོད་པ་བསྟན་འཛིན་ཟླ་བ།