རྒྱ་གཞུང་གི་རྒྱལ་དར་ཕབ་ནས་གཙབ་རལ་དུ་བཏང་འདུག
ཟླ་འདིའི་ཚེས་༢༢ ཉིན་ཨོ་གླིང་སེད་ནེའི་གྲོང་ཁྱེར་ན་ཡོད་པའི་རྒྱ་གཞུང་གི་གཞུང་ཚབ་སྒོ་མདུན་ནས། ས་གནས་བོད་ཀྱི་གཞོན་ལྷན་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་ཞི་རྒོལ་སྐད་འབོད་ཅིག་གོ་སྒྲིག་བྱས་བྱས་ཡོད་པ་རེད།
ས་གནས་ནས་རྨེའུ་དཀོན་རྒྱམ་གྱིས་གནས་ཚུལ་བཏང་བ་ལྟར་ན། ལས་འགུལ་དེའི་ནང་བོད་མི་བརྒྱ་ལྷག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནས་ཚུལ་གསལ་བཤད་བྱེད་དགོས་པའི་རེ་འདུན་དང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མངོན་འདོད་དང་བློས་གཏོང་ལ་བརྩི་བཀུར་བསམ་ཤེས་ཀྱིས་ཡ་ལན་དགོས་པའི་ཞི་རྒོལ་སྐད་འབོད་བྱེད་སྐབས་སུ། བོད་མི་ཁག་ཅིག་གཞུང་ཚབ་ནང་དུ་གློ་བུར་བརྒྱུགས་ཏེ། རྒྱའི་རྒྱལ་དར་མར་ཕབ་ཡོད་པ་མ་ཟད། མི་མང་གིས་རྒྱ་མིའི་རྒྱལ་དར་གཙབ་རལ་དུ་བཏང་སོང་། མི་མང་རྣམས་ཀྱིས་མུ་མཐུད་གཞུང་ཚབ་ནང་འཛུལ་ནས་སྐད་འབོད་ཁྲོམ་སྐོར་ཤུགས་བྱེད་བཞིན་པའི་སྐབས། བོད་མི་བཞི་གཉེན་རྟོག་པས་འཛིན་བཟུང་བྱས་སོང་ལ། ད་ལྟ་མུ་མཐུད་ལས་འགུལ་འགྲོ་བཞིན་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།
