ཨ་རིའི་ཀུ་རུ་ཀུ་ལའི་ཆོས་ཚོགས་ཀྱི་སྨོན་ལམ།

ཕྱི་ཟླ་༦ ཚེས་༡༣ བོད་ཟླ་༤ སྟེ། ས་ག་ཟླ་བའི་ཚེས་༡༥ ཉིན། ཨ་རིའི་མངའ་སྡེ་མཱེ་སེ་ཆོས་སཱུ་ཊིའི་ནང་(Massachusetts) རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་ཀུ་རུ་ཀུ་ལའི་ཆོས་ཚོགས་ཀྱི་གོ་སྒྲིག་འོག ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་མཉམ་འཛོམས་ཐོག སྟོན་པའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་སྨོན་ལམ་འཚོགས་ཡོད་འདུག

ཚོགས་ཞུགས་པ་མཉམ་འཛོམས་ཀྱི་པར།
ཚོགས་ཞུགས་པ་མཉམ་འཛོམས་ཀྱི་པར།

དེར་ནང་པའི་རྒྱལ་ཁབ་བོད་དང་། རྒྱ་ནག ཝི་ཏི་ནམ། ཤྲིལངྒ། ཐ་ལེན་ཊི། ཀོ་རི་ཡ། འབར་མ་བཅས་ཀྱི་དགེ་འདུན་པ་དང་། ཡེ་ཤི་དང་། ཁ་ཆེ། ཇི་ཤི། སིག ཧིན་དྷི་སོགས་ཆོས་ལུགས་འདྲ་མིན་གྱི་ཆོས་པ། ས་གནས་དཔོན་རིགས་དང་། ས་གནས་ཀྱི་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

ཆོས་ཚོགས་དེ་༡༩༨༨ ལོར་གསར་འཛུགས་བྱས་པ་དང་། ད་ལྟ་དགེ་བཤེས་ངག་དབང་འཕྲིན་ལས་ཀྱིས་འགན་ཁུར་གནང་ཡོད་པ་རེད། ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། དེ་སྔོན་ཆོས་ཚོགས་དེའི་ནང་༧གོང་ས་མཆོག་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཁག་གདན་འདྲེན་ཞུ་མྱོང་ཡོད་པ་དང་། ད་ལྟའི་སྨོན་ལམ་དེ་༧གོང་ས་མཆོག་གི་བཀའ་དགོངས་བཞིན། འཛམ་གླིང་ཞི་བདེ་ཡོང་ཐབས་དང་། ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་ཡོང་ཐབས། བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག