འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོག་འགྲན་རྩོད་པ་བུད་མེད་བཞི་འདུག
བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་༡༤ པ་དེ་ཟླ་༦ པའི་ཚེས་༣ ནས་༥ བར་དྷ་ས་མེག་གྷན་དུ་འཚོགས་རྒྱུ་ཡིན་པ་དང་། ཐེངས་འདིའི་འགྲན་སྡུར་ནང་བུད་མེད་༤ མཉམ་ཞུགས་བྱས་འདུག
ཟླ་༥ པའི་ཚེས་༣༡ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་མཛངས་མ་འགྲན་སྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས། བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་༡༤ པ་དེ་འཚོག་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་བྱས་སོང།
དེ་ཡང་དེ་སྔོན་ཕྱི་ལོ་༢༠༡༥ ལོའི་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ཐེངས་༣ པར་ཨང་རིམ་གཉིས་པ་ཐོབ་མཁན། མ་ན་ལི་ནས་ཡིན་པའི་བསྟན་འཛིན་སང་ཉིན། སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་བསྟན་འཛིན་བདེ་སྐྱིད། ཨ་རི་ནེའུ་ཡོག་ནས་བསྟན་འཛིན་ཟླ་བ་དང། མ་སུ་རི་ནས་བདེ་ཆེན་དབང་མོ་བཅས་ཡིན་པ་རེད།
འགྲན་ཞུགས་པ་རྣམས་ཟླ་༦ པའི་ཚེས་༣ ཉིན་བརྐྱལ་གོས་གཟུགས་བྱད་འགྲན་སྡུར་དང། ཚེས་༤ ཉིན་གཏམ་བཤད་དང་སྒྱུ་རྩལ་འགྲན་སྡུར། ཚེས་༥ ཉིན་ངོ་སྤྲོད་དང་ཕྱི་ལུགས་གྱོན་ཆས། བོད་ཀྱི་ཆས་གོས་གྱོན་འདྲན་སྡུར་དང་། དྲི་བ་དྲི་ལན་གྱི་འགྲན་སྡུར་བྱེད་རྒྱུ་ཡིན་པ་རེད།
ཐེངས་འདིའི་འགྲན་སྡུར་གྱི་ཨང་ཀི་དང་པོའི་བྱ་དགའ་ཧིན་སྒོར་འབུམ་གཅིག་དེ། ཐེངས་དང་པོ་བོད་མི་སྦྱིན་བདག་བྱེད་མཁན་བྱང་ཆུབ་སྙན་གྲགས་ནི་ཌལ་ཧོར་བོད་མིའི་གཞིས་ཆགས་ནས་ཡིན་པ་དང། ལྡི་ལིར་ཚོང་རྒྱག་གི་ཡོད་འདུག གསར་འགོད་པས་ཁོང་ལ་སྦྱིན་བདག་བྱེད་དགོས་དོན་དྲིས་པས། ཁོང་གིས་“བློ་བཟང་དབང་རྒྱལ་གྱིས་ལོ་མང་པོའི་རིང་དེའི་ཐོག་ལ་དཀའ་ལས་རྒྱག་གི་ཡོད་རེད་དེ། དེ་ལ་རྒྱབ་སྐྱོར་བྱེད་མཁན་དཀོན་པོ་ཡོད་པ་དང། ང་རང་གིས་དེའི་ཐོག་ལ་སྦྱིན་བདག་བྱས་ན། ཕོ་མོ་གཉིས་ཐོབ་ཐང་འདྲ་མཉམ་དང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཐོག་ལ་ཕན་གྱི་རེད་བསམ་བྱུང་”ཞེས་ལན་འདེབས་བྱས་བྱུང།
ཐེངས་འདིའི་འགྲན་སྡུར་ཁྲོད། ཨང་རིམ་དང་པོ་ལ་ཧིན་སྒོར་འབུམ་གཅིག་དང་ཨང་རིམ་གཉིས་པར་ཧིན་སྒོར་ཁྲི་ལྔ། ཨང་རིམ་གསུམ་པར་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་བཅས་སྤྲོད་རྒྱུ་རེད་འདུག
གསར་འགོད་པའི་དྲི་བ་དང་འབྲེལ་ནས་བློ་བཟང་དབང་རྒྱལ་གྱིས་བརྗོད་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཞེས་ཁ་ནས་ཚིག་སྐམ་པོ་ཞིག་ལས། ད་བར་དངོས་སུ་གྲུབ་འབྲས་ཐོན་པ་མཐོང་མ་སོང་བས། ཁོང་གིས་ད་བར་མི་ལོ་༡༤ ཡི་རིང་བུད་མེད་ནུས་སྟོབས་གོང་འཕེལ་གྱི་སྡིངས་ཆ་དེར་དཀའ་ལས་བརྒྱབ་ནས། འགྲན་སྡུར་ཐོབ་མཁན་ཚོར་རྒྱལ་སྤྱིའི་སྡིངས་ཆ་ཐོག རང་ཉིད་ཀྱི་ནུས་སྟོབས་གོང་འཕེལ་དང་བོད་དོན་བཤད་པའི་གོ་སྐབས་ཐོབ་ཀྱི་ཡོད་སྐོར་བརྗོད་སོང།
བོད་ཀྱི་མཛངས་མ་འགྲན་བསྡུར་དེ་ཐོག་མར་ཕྱི་ལོ་༢༠༠༢ ལོར་འགོ་འཛུགས་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།