བཙན་བྱོལ་ནང་”བསམ་ཡས་སྒྲ་སྒྱུར་གླིང་”བསྐྱར་གསོ་བྱ་འཆར།
ཉེ་ལམ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་པའི་ལོ་ཙཱ་བའི་ཚོགས་འདུའི་ཐོག་ཏུ། ཚོགས་ཞུགས་ལོ་ཙཱ་བ་རྣམས་ཀྱིས་ཡིག་སྒྱུར་ལས་གཞི་འདི་བཞིན་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་ལས་གཞི་འདི་ཡར་རྒྱས་གཏོང་སླད་བསམ་ཡས་སྒྲ་སྒྱུར་གླིང་བསྐྱར་གསོ་བྱ་རྒྱུ་ཡིན་གསུངས།
ཕྱི་ཚེས་ ༧ ནས་ ༩ བར་ཉིན་གྲངས་གསུམ་གྱི་བགྲོ་གླེང་སྐབས། ལོ་ཙཱ་བ་རྣམས་ཀྱིས་ཡིག་སྒྱུར་ལས་གཞི་གོང་འཕེལ་གཏོང་རྒྱུ་འདི་བཞིན་མི་སྒེར་སོ་སོས་སྒྲུབ་ནུས་པ་ཞིག་མ་ཡིན་པར་། ངེས་པར་དུ་སྒྲིག་འཛུགས་ཤིག་གིས་སྒྲུབ་དགོས་པ་ཞིག་ཡིན་ཞིང་། སྒྲིག་འཛུགས་ཤིག་འཛུགས་དགོས་སྐོར་གྱི་དགོངས་ཚུལ་ཤུགས་ཆེ་གསུངས། མཐའ་སྡོམ་དུ་དེ་འདྲའི་སྒྲིག་འཛུགས་ཤིག་འཛུགས་སླད། ཚོོགས་བཅར་ཁྲོད་ནས་མི་སྣ་དགུ་ལས་གྲུབ་པའི་གྲ་སྒྲིག་ཚོགས་ཆུང་ཞིག་བཙུགས་ཡོད་འདུག
གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་ནི་ཐེངས་འདིར་ཚོགས་བཅར་ཡོད་པའི་རིག་གཞུང་ལྟེ་གནས་ཁག་གི་ལོ་ཙཱ་བའི་སྐུ་ཚབ་དང་དེ་བཞིན་སྤྱི་ཚོགས་ཐོག་སྒེར་ངོས་ནས་ཡིག་སྒྱུུར་གནང་མཁན་དག་ལས་གྲུབ་པ་ཞིག་རེད་འདུག དེ་ཡང་ཤེས་རིག་ལས་ཁུངས་རྩོམ་སྒྲིག་སྡེ་ཚན་གྱི་དབུ་འཛིན་ཨ་ཙརྱ་ཀརྨ་སྨོན་ལམ་ སློབ་སྟོན་པར་བསྐོས་ཡོད་པ་དང་། ཚོགས་གཙོ་ཝར་ཎ་གཙུག་ལག་སློབ་གཉེར་ཁང་སྒྲ་སྒྱུར་སྡེ་ཚན་གྱི་དབུ་འཛིན་ཤཱསྟྲཱི་བློ་བཟང་ནོར་བུ། དྲུང་ཆེ་བོད་ཀྱི་དཔེ་མཛོད་ཁང་རྩོམ་སྒྱུར་སྡེ་ཚན་གྱི་དབུ་འཛིན་མཆོག་བསྟན་འཛིན་སྨོན་ལམ་ཡིན་པ་རེད། ཚོགས་མི་གཞན་དག་ནི་སྨན་རྩིས་ཁང་གི་ནོར་ཆུང་། ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཡེ་ཤེས་དགའ་བ། བོད་མི་དམངས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། དྷ་སར་གནས་སྡོད་འཕྲིན་ལས་རྒྱ་མཚོ། དོན་གྲུབ། ས་རཱ་མཐོ་སློབ་ཀྱི་སློབ་གཉེར་བ་སྐལ་བཟང་དགྲ་འདུལ་བཅས་ཡིན་པ་རེད།
ཚོགས་མི་དགུ་ལས་གྲུབ་པའི་གྲ་སྒྲིག་ཚོགས་ཆུང་དེའི་འོས་འགན་ནི་ཐེངས་འདིར་ཚོགས་བཅར་ལོ་ཙཱ་བ་དག་གི་དགོངས་འཆར་ལྟར། ལོ་ཙཱ་བ་གསོ་སྐྱོང་དང་བསྒྱུར་ཟིན་པ་ཞུ་དག་གཏོང་བ་སོགས་འགྱུར་གྱི་སྤུས་ཚད་མཐོ་རུ་གཏོང་ཐབས། ལོ་ཙཱ་བའི་དབར་གྱི་འབྲེལ་བ་དམ་ཟབ་ཉར་བ། འཆར་གཞི་ལྡན་པའི་ཐོག་དཔེ་དེབ་གང་མང་ཕབ་སྒྱུར་བྱེད་པ་སོགས་ཡིག་སྒྱུར་ལས་གཞི་ཚགས་ཚུད་གཏོང་མཁན་གྱི་སྒྲིག་འཛུགས་ཤིག་འཛུགས་རྒྱུའི་ཐད། འཆར་གཞི་སྒྲིག་པ་དང་ལས་དོན་སྤེལ་རྒྱུ་དེ་ཡིན་ཞིང་། འབྱུང་འགྱུར་གྱི་སྒྲིག་འཛུགས་དེ་བཞིན་ཇི་འདྲ་ཞིག་འཛུགས་དགོས་མིན་ཐད། གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཐེངས་དང་པོའི་འདུ་འཛོམས་སྐབས་ཀྱི་བཀའ་མོལ་ལྟར་ན། སྔར་བོད་བཙན་པོའི་སྐབས་ཀྱི་བསམ་ཡས་སྒྲ་སྒྱུར་གླིང་དེ་བཞིན་ད་ལྟ་བསྐྱར་གསོ་བྱ་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་བ་མ་ཟད། ཚོགས་ཆུང་དེའི་མིང་ལ་ཡང་བོད་ཀྱི་སྒྲ་སྒྱུར་གླིང་གྲ་སྒྲིག་ཚོགས་ཆུང་ཞེས་བཏགས་ཡོད་འདུག
བསམ་ཡས་སྒྲ་སྒྱུར་གླིང་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཕྱི་ལོ་ ༧༦༡ ལོར། གདན་ཞུའི་ཟ་ཧོར་མཁན་པོ་བོ་དྷཱི་ས་ཏཱས་ས་དཔྱད་གནང་བ་ལྟར། བསམ་ཡས་གཙུག་ལག་ཁང་(དེང་གི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་སུ་ཡོད།)བཞེངས་པའི་སྐབས་སུ་བསྐྲུན་པའི་ལོ་ཙཱ་བའི་སློབ་གྲཱ་ཞིག་ཡིན་ཞིང་། སྒྲ་སྒྱུར་གླིང་འདི་ལ་བརྟེན་ནས་གཞི་རྒྱ་ཆེ་བའི་ཐོག་ནས་ལོ་ཙཱ་བ་གསོ་སྐྱོང་གནང་བ་མ་ཟད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་དངོས་ཀྱིས་སྒྲ་སྒྱུར་གླིང་གི་དབུ་འཛིན་ཡང་གནང་ཡོད། དེ་བཞིན་སྐབས་དེར་རྒྱལ་པོས་ལོ་ཙཱ་བ་དག་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་སྟེ། ལོ་ཙཱ་བ་རེའི་ཕོགས་ཐོབ་དེ་བློན་ཆེན་པོའི་ཕོགས་ཐོབ་དང་མཚུངས་པར་གྲགས།
ཐེངས་འདིའི་བགྲོ་གླེང་དེ་བཞིན་ས་རཱ་བོད་ཀྱི་མཐོ་སློབ་གཞོན་ནུ་རུ་ཁག་གིས་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་། གཞོན་ནུའི་རུ་ཁག་གིས་ལོ་ལྟར་༼བོད་ཀྱི་རིག་གནས་བགྲོ་གླེང་།༽ཞིག་གོ་སྒྲིག་བྱེད་ཀྱི་ཡོད་པ་ལྟར། འདི་ལོ་ཐེངས་བདུན་པ་དེ་བཞིན་༼བཙན་བྱོལ་ནང་གི་ཡིག་སྒྱུར་ལས་གཞི་གོང་འཕེལ་གཏོང་ཐབས།༽ཞེས་པའི་བརྗོད་གཞིའི་ཐོག ལོ་ཙཱ་བའི་བགྲོ་གླེང་ཞིག་ཏུ་འཚོགས་ཡོད་པ་རེད། །
བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྐབས་སུ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་། ཐ་སྙད་གསར་བཟོ་དང་བེད་སྤྱོད་གཅིག་གྱུར་མེད་པ་དེ་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དང་དེས་ཤུགས་རྐྱེན་ངན་པ་ཡོང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། དཀའ་ངལ་འདི་ཡོང་བའི་རྐྱེན་དེ་ཡང་གཙོ་བོ་སྐད་ཡིག་ཡོངས་ལ་ཁྱབ་པའི་སྒྲ་སྒྱུར་སྡེ་ཚན་ཞིག་མེད་པ་དེར་ཐུག་ཡོད་སྐོར་གསུངས་ཡོད། དེ་བཞིན་ཕྱི་ཚེས་ ༩ མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་དུ་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ཕེབས་ཡོད་ཅིང་། ཁོང་གིས་ཆབ་སྲིད་དང་དཔལ་འབྱོར་སོགས་ཤེས་བྱ་མཐའ་དག་བོད་སྐད་ཡིག་ཏུ་སྒྱུར་ཐུབ་པ་དགོས་པ་དང་། བོད་སྐད་ཡིག་ནང་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལོ་ཙཱ་བ་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་ལས་གཞི་འདིར་འཇུག་དགོས་ཤིང་། དེ་ལྟར་གནང་ན་འབྲས་བུ་རླབས་ཆེན་ཞིག་འཐོན་རྒྱུར་ཐེ་ཚོམ་མེད་ཅེས་གསུངས་ཡོད།
གཞན་ཡང་ལོ་ཙཱ་བ་རྣམས་ཀྱིས་ཐེངས་འདིའི་ཚོགས་འདུའི་སྐབས། མ་ཡིག་ནང་མ་དག་པའི་རིགས་འགྱུར་ནང་ཇི་ལྟར་བྱེད་དགོས་མིན། དབྱིན་ཡིག་ནང་གི་མང་ཚིག་ཉུང་ཚིག་བོད་ཡིག་ཏུ་ཇི་ལྟར་བྱེད་ན་ལེགས་མིན། ལོ་ཙཱ་བ་སྒེར་ངོས་ལ་མཚོན་ན། སྐད་ཡིག་གཉིས་ཀར་བྱང་ཆུབ་པ་ཞིག་དང་ལོ་ཙཱའི་གཞུང་ལུགས་ལ་སློབ་སྦྱོང་བྱ་གལ། དཀའ་སྤྱད་ཀྱི་སྙིང་རུས་དགོས་སྐོར། དེ་བཞིན་དེབ་པར་སྐྲུན་གོང་ལོ་ཙཱ་བ་གཞན་དག་གང་མང་མང་ལ་སྤྱན་འབུལ་གྱིས་ངེས་པར་དུ་ཞུ་དག་ལེགས་པོ་བྱེད་དགོས་སྐོར་སོགས་ཕྱོགས་མང་པོར་བཀའ་སྡུར་ལྷུག་པོ་གནང་ཡོད་པ་རེད།
ཐེངས་འདིའི་བགྲོ་གླེང་དུ། ཁྱོན་ལོ་ཙཱ་བ་ ༢༡ ཕེབས་ཡོད་པ་དང་དེ་དག་ཕལ་ཆེ་བ་ནི་བཙན་བྱོལ་ནང་ཡིག་སྒྱུར་སྡེ་ཚན་ཡོད་པའི་ཚོགས་སྡེ་ཁག་(ཝར་ཎ་གཙུག་ལག་སློབ་གཉེར་ཁང་། བོད་ཀྱི་དཔེ་མཛོད་ཁང་། སྨན་རྩིས་ཁང་། ཤེས་རིག་ལས་ཁུངས། སྲིད་ཇུས་ཉམས་ཞིབ་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་།)དང་སྤྱི་ཚོགས་ཐོག་སྒེར་ངོས་ནས་ཡིག་སྒྱུར་གནང་མཁན་གྱི་ལོ་ཙཱ་བ་ཡིན་ཞིང་། ཕྱི་རྒྱལ་ནས་ཕེབས་པ་ཆུང་ཚེ་རིང་དང་། དགེ་འདུན་རབ་གསལ་ཡོད་འདུག་ལ། ཁ་ཎེ་ཊེ་གནས་སྡོད་ཤཱསྟྲཱི་པདྨ་ཚེ་དབང་དངོས་སུ་ཕེབས་མ་ཐུབ་ཀྱང་ཆེད་རྩོམ་གནང་ཡོད་པ་རེད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་འདི་བཙན་བྱོལ་ལོ་རྒྱུས་ནང་ད་བར་ལོ་ཙཱ་བའི་འདུ་འཛོམས་ཐོག་མ་དེ་ཆགས་ཡོད་འདུག
