གསར་འབྱོར་བ་ཚོར་སྐྱབས་བཅོལ་ལག་ཁྱེར་ RCམི་རག་པའི་རྒྱུ་མཚན།
བོད་ནས་གསར་དུ་ཕེབས་པའི་མི་མང་པོ་ཞིག་གིས་རྒྱ་གར་དུ་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་ RCལས་སླ་པོ་གཏན་ནས་རེག་གི་མེད་པ་དང་།བོད་གཞུང་གིས་རྒྱ་གར་གཞུང་ལ་ཁ་དཀྲིས་པ་དང་རྒྱ་གར་གཞུང་གིས་བོད་གཞུང་ལ་ཁ་དཀྲིས་ཏེ་ད་བར་བོད་མི་གསར་འབྱོར་བ་གང་མང་ཞིག་ལ་ལག་ཁྱེར་དེ་རག་མེད།
ངས་གནད་དོན་དེའི་སྐོེར་ལ་བསམ་གཞིགས་བྱེད་དུས་དེ་ནི་རྒྱ་གར་གཞུང་གཅིག་པུའི་ངོས་ནས་སྐྱབས་བཅོལ་ལག་ཁྱེར་གྱི་ཆོག་མཆན་མི་གནང་མིན་པར་བོད་གཞུང་གིས་ཀྱང་སྲིད་ཇུས་གང་ཞིག་གི་དམིགས་འབེན་བཟུང་ཏེ་ལག་ཁྱེར་དེ་སྟབས་བདེ་བའི་ངང་ནས་ལོན་མི་ཐུབ་པར་བཟོས་ཡོད་སྲིད་སྙམ།དེ་ཡང་ཡིན་ཏེ་སྡེ་པ་གཞུང་གི་དམིགས་ཡུལ་ཆེ་ཤོསདེ་་གསར་འབྱོར་བ་ཚོ་ཕྱིར་བོད་དུ་ལོག་རྒྱུ་དེ་རེད།ཁོང་ཚོ་ཕྱིར་ལོག་ནས་བོད་ནང་གཅིག་ནས་གཉིས་དང་གཉིས་ནས་གསུམ་བརྒྱུད་དེ་བཙན་བྱོལ་བོད་གཞུང་ལངས་ཕྱོགས་དང་འཐབ་རྩོད་སོགས་ཁྱབ་སྤེལ་རྒྱ་ཆེན་གནང་བ་དེ་རེད་མོད། དོན་དངོས་ཐོག་གསར་འབྱོར་ཁ་ཤས་ནི་སྐྱབས་བཅོལ་ཡོང་བའི་དགོས་དོན་བོད་ནང་རྒྱའི་ཆབ་སྲིད་འོག་གནས་མི་ཐུབ་པའི་དཀའ་ངལ་གྱི་འོག་ནས་སླེབས་པ་ཡིན་པས་དམའ་མཐའ་ཡང་ཕྱིར་ལོག་ཚེ་བཙོན་འཇུག་བྱ་ངེས་ཡིན་པས་ཕྱིར་ལོག་ཐུབ་པའི་གདེང་སྤོབས་མེད། བོད་ནང་དངོས་སུ་རྒྱ་གཞུང་ལ་ངོ་ལོག་པའི་བྱ་སྤྱོད་མ་སྤེལ་ནའང་བཙན་བྱོལ་དུ་སླེབས་པའི་ཉིན་དེ་ནས་རྒྱ་གཞུང་དང་ཁ་གཏད་ཆགས་ཚར་པ་རེད། བོད་ནས་ཕྱིར་ཐོན་དུས་ལམ་འཛིན་མེད་པ་ཚོ་ཨ་རྐྱང་བརྗོད་མེད་རྒྱ་གཞུང་རང་ཉིད་ཀྱིས་ལག་ཁྱེར་སྤྲོད་ཚར་བའི་མི་ཚོ་ཕྱིར་བོད་ནང་ཡོང་དུས་ཁྲིམས་འགལ་བརྩིས་བཙོན་འཇུག་བྱེད་བཞིན་པས་རེད། ད་དུང་གསོག་སློབ་སློབ་ཐོན་པ་ཚོར་ཤེས་ཡོན་དང་ཚད་མཉམ་པའི་ངོས་བཞེས་ཡོད་པའི་ལག་ཁྱེར་མ་གནང་བ་སོགས་གང་ལ་བསམ་ཀྱང་གོང་ཞུས་ཀྱི་སྟོང་བསམ་དེ་འཆང་ཡོད་པ་གདོན་མི་ཟ་ལ། འོན་ཀྱང་བོད་གཞུང་འཛིན་དབང་འཛིན་པ་ཚོའི་སྟོང་བསམ་ལྟར་གྱི་བཀོད་སྒྲིག་འོག་ཕྱིན་ཚེ་གསར་འབྱོར་སྤུན་ཟླ་གང་མང་ཞིག་གི་ཚེ་སྲོག་དེ་ཆབ་སྲིད་ཀྱི་རྩེད་ཆས་ལྟ་བུ་ཆགས་པར་སོམ་ཉི་མི་དགོས།
དེས་ན་བོད་གཞུངགི་དབང་འཛིན་པ་ཚོས་གོང་ཞུས་དཀའ་ངལ་དེ་བསམ་ནས་གསར་འབྱོར་བ་ཚོའི་བདེ་སྡུག་སྤྱི་དང་བྱེ་བྲག་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུའི་དམིགས་བསལ་གྱི་ཤུགས་སྣོན་བརྒྱབ་དགོས།
དེ་ལས་ལྡོག་ཚེ་གསར་འབྱོར་བ་ཚོས་རྒྱ་གཞུང་གིས་ཚུར་ཕུད་དང་བོད་གཞུང་གིས་ཕར་ཕུད་ཀྱིས་ལས་ངན་ཁྱུ་ཅིག་སྟེ་་ལས་བོད་རྒྱ་གཞུང་གཉིས་ཀའི་དགྲ་བོ་ལྟ་བུ་མི་ཆགས་པའི་ངེས་པ་མི་འདུག་གོ།