ཁམས་སོག་རྫོང་གི་བོད་མི་གསུམ་རྒྱ་གཞུང་གི་འཛིན་བཟུང་།

ཟླ་༧ ཚེས་༩ ཉིན་ཁམས་སོག་རྫོང་རོང་པོ་ཡུལ་ཚོའི་གྲོང་ཚོ་༡༣ནས་ཡིན་པ་གར་ཚ་ཚང་གི་གྲྭ་རྒྱལ་བསྟན་འཕེལ་རྒྱས་དང་། བཙུན་མ་དགེ་སྡིས་གཉིས་དང་། ཨ་མཚོ་ཚང་གི་ཆོས་གྲགས་བཅས་རྒྱ་གཞུང་གི་ཉེན་རྟོག་འཛིན་བཟུང་བྱས་འདུག

གྲྭ་རྒྱལ་བསྟན་འཕེལ་རྒྱས་
གྲྭ་རྒྱལ་བསྟན་འཕེལ་རྒྱས་

དེ་ཡང་འབྲེལ་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་༧ཚེས་༩ཉིན་གྱི་ཞོགས་པར་ནག་ཆུའི་ཉེན་རྟོག་པ་སངས་རྒྱས་བཀྲ་ཤིས་ཟེར་བ་གཙོས།་ཉེན་རྟོག་པ་མང་པོ་སླེབས་ནས་གོང་གསལ་མི་གསུམ་འཛིན་བཟུང་བྱས་ནས་སོག་རྫོང་གི་ཕྱོགས་སུ་ཁྲིད་པའི་རྗེས། ཁོང་རྣམས་གང་དུ་བཙོན་འཇུག་བྱས་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རོང་པོ་གྲོང་ཚོ་༡༣ པའི་གར་ཚ་ཚང་ནས་ཡིན་པ་གྲྭ་རྒྱལ་བསྟན་འཕེལ་རྒྱས་རང་ལོ་༢༩དང་།་བཙུན་མ་དགེ་སྡིས་རང་ལོ་༥༢་ཡིན་པ་དང་།་ཁོང་གཉིས་ཀྱི་ཕ་མིང་ལ་དབང་འདུས་དང་། མ་མིང་ལ་ལྷག་པ་ཟེར་གྱི་ཡོད་འདུག

ཨ་མཚོ་ཚང་གི་མི་སྐྱ་ཡིན་པ་ཆོས་གྲགས་རང་ལོ་༤༩ ཡིན་པ་དང་། ཕ་མིང་ལ་ཚུགས་རྒྱལ་དང་མ་མིང་ལ་བདེ་སྐྱིད་ཟེར་གྱི་ཡོད་འདུག

 

བཙུན་མ་དགེ་སྡིས་
བཙུན་མ་དགེ་སྡིས་

ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་དང་ཉེས་པ་ག་རེའི་བསག་མིན་སྐོར་ལ་ཉེན་རྟོག་པས་གསལ་བཤད་གང་ཡང་མ་བྱས་པར་བཙན་ཁྲིད་བྱས་འདུག དེ་རྗེས་ཁོང་རྣམས་ཀྱི་སྤུན་མཆེད་ཅིག་ཁོང་རྣམས་ལ་ཟ་མ་དང་དུག་ལོག་སྐྱེལ་དུ། སོག་རྫོང་དུ་འགྲོ་སྐབས་ཁོ་རང་ཡང་བཀག་ཉར་བྱས་ཡོད་འདུག

ད་ལྟའི་ཆར་རོང་པོ་གྲོང་ཚོ་༡༣ པ་དང་གར་ཚ་ཚང་གི་གཡས་གཡོན་དུ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ནས་ཡར་འགྲོ་མར་ཡོང་གི་མི་ལ་ཞིབ་བཤེར་དང་བསུན་གཙེར་ཚད་མེད་བྱེད་བཞིན་འདུག་ཅེས་བོད་ནས་འགྲེལ་བརྗོད་གནང་སོང་།།