དྷ་ས་ས་གནས་འགོ་འཛིན་གྱི་ལས་འཁུར་དམ་འབུལ།
ཟླ་༨ ཚེས་༢༢ ཉིན་རྒྱབ་དྷ་ས་མེག་གྷན་ཁོར་ཡུག་ཚོགས་ཁང་དུ། དྷ་ས་ས་གནས་འགོ་འཛིན་བསྐྱར་དུ་འོས་འདེམས་བྱུང་བའི་ལས་འཁུར་དམ་འབུལ་གྱི་མཛད་སྒོ་ཞིག་འཚོགས་པ་དང་། ཚོགས་སྡེ་ཁག་གི་སྐུ་ཚབ་ཀྱིས་ཁ་བཏག་འཐེན་ཡོད་པ་རེད།
དེར་སྐུ་མགྲོན་དུ་དྷ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པ་དང་།དྷ་ས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་གཉིས་དང་། དེ་བཞིན་ས་གནས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་གི་འགན་འཛིན་རྣམ་པ་དང་། ཚོགས་སྡེ་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་གི་འགན་འཛིན།ཟུར་སྐྱོང་སྡེ་ཚན་ཁག་གི་འགན་འཛིན། ཚོགས་སྐྱིད་ཁག་གི་ཚོགས་གཙོ།མི་མང་གི་འོས་འདེམས་གནང་བའི་བརྒྱ་དཔོན་རྣམ་པ་བཅས་ཕེབས་ཡོད་པ་རེད།
བསྐྱར་དུ་འདེམས་ཐོན་བྱུང་བའི་དྷ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེས་གསུང་དོན། “དེ་སྔོན་ལོ་གསུམ་རིང་ས་གནས་སུ་དཀའ་ངལ་ཆེན་པོའི་རིགས་མ་ཡོང་བ་དེ་ཚོགས་སྡེ་ཁག་དང་མི་མང་གི་རྒྱབ་སྐྱོར་བྱས་པ་ལ་རྟེན་ནས་བྱུང་བ་རེད། ད་དུང་ལོ་གསུམ་རིང་རང་ནུས་ཡོད་རྒུ་བཏོན་ནས་ལས་ཀ་བྱེད་རྒྱུ་ཡིན་པས་རྣམ་པ་ཚོས་རྒྱབ་སྐྱོར་སྔར་ལྷག་གནང་རོགས་ཞེས་”དང་། “ང་ཚོ་སློབ་གྲྭ་ནས་ཡོད་དུས་ནས་རང་ལས་གཞན་གཅེས་ཞེས་པའི་ཚིག་དེས་ད་ལྟ་ལས་དོན་ཐོག་སླེབས་དུས་ཕན་ཐོགས་ཆེན་པོ་འདུག རྗེས་སུ་ཚོགས་སྡེ་ཁག་གི་ལས་ཀ་བྱེད་མཁན་ཚང་མས་ཚིག་དེ་ཡིད་ལ་དྲན་པའི་ཐོག་ནས་ལས་ཀ་བྱས་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་།”
མཇུག་དུ་ས་འགོའི་ལས་རོགས་ཚེ་རིང་དབང་མོས་འགན་ཁུར་མཁན་མི་སྣའི་དངོས་མྱོང་དག་ངོ་སྤྲོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་སོང་།།
