ཊི་སྦིའི་T B ཉིན་མོ་སྲུང་བརྩི།

དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་ནི་འཛམ་གླིང་ཀྲི་སྦི་ནད་གཞི་སྔོན་འགོག་གི་ཉིན་མོ་དང་སྟབས་བསྟུན་ནས་བོད་གཞུང་བདེ་ལེགས་སྨན་ཁང་གི་ཊི་སྦི་ནད་གསོ་ཁང་དེ། བསྐྱར་བཟོ་ལེགས་གྲུབ་བྱུང་སྟེ་དབུ་འབྱེད་གནང་ཡོད་པ་རེད། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་དུ་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྡེ་ཚན་ཁག་གཅིག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ། འབྲེལ་ཡོད་བདེ་ལེགས་སྨན་ཁང་གི་སྨན་པ་དང་རོགས་ཚོགས་ཀྱི་འཐུས་མི་བཅས་ཕེབས་འདུག

སྐབས་དེར་གསར་འགོད་གསལ་བསྒྲགས་ཤིག་གནང་བ་དང། སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གསུང་དོན། བདེ་ལེགས་སྨན་ཁང་གི་ངོས་ནས་ཤུགས་རྒྱག་གཙོ་བོ་གཅིག ཀྲི་སྦི་སྔོན་འགོག་གི་ནད་གཞི་འདིའི་ཐོག་ལ་རེད། དེར་བརྟེན་ཊི་སྦི་ནད་པའི་ཉལ་ཁང་སྔོན་མ་ཡོད་པ་དེའི་ནང་། ཁྲུས་ཁང་དང་གསང་སྤྱོད་རང་འགྲིག་ཡོད་པ། ཆུ་ཚ་པོ་སོགས་ཀྱི་མཐུན་རྐྱེན་བསྐྲུན་ནས་གཙོ་བོ་ནད་པ་ཚོ་སེམས་སྐྱིད་པོ་དང། གུས་ཡངས་པོ་ཡོང་ཆེད་དུ་བྱས་པ་རེད་ཅེས་དང་།

ཁོང་གིས་མུ་མཐུད་ནས། ང་ཚོས་འདིར་ནད་པའི་ཆེད་དུ་ཉིན་རྟག་པར་ལས་ཀ་བྱེད་ཀྱི་ཡོད་ནའང་ཚང་མར་རྙོབས་ཀྱི་ཡོད་མ་རེད། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ནས་ང་ཚོས་ཉིན་རེ་བཞིན་བསམ་བློའི་ཁྱེར་སོ་དང། ནད་པས་བྱེད་དགོས་པའི་སྤྱོད་པ། སྤྱི་ཚོགས་ཀྱི་བྱེད་དགོས་པའི་སྤྱོད་པ་སོགས། བརྒྱུད་ལམ་གྱི་ཐོག་ནས་སྤྱི་ཚོགས་སུ་གོ་རྟོགས་སྤེལ་ཐུབ་པ་ཡིན་ན། སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་བཟང་དུ་འགྲོ་རྒྱུར་དགེ་མཚན་ཆེན་པོ་ཡོད་པས། ང་ཚོ་དང་མཉམ་དུ་ཕྱར་གྲུ་མཉམ་འདེད་བྱེད་རོགས་གནང་ཞུས་པ་རེད་ཅེས་གསུངས་སོང།

དེ་བཞིན་ཨི་ཊ་ལའི་གཞུང་གི་ངོས་ནས་རོགས་ཚོགས་བརྒྱུད་དེ་ཊི་སྦི་ནད་གཞི་སྔོན་འགོག་རོགས་སྐྱོར་གནང་བཞིན་པ་དང། རོགས་ཚོགས་ཀྱི་འཐུས་མིས་བདེ་ལེགས་སྨན་ཁང་དུ། ལས་ཁུངས་ལོགས་སུ་བཟུང་ནས་ལས་གཞི་འདིའི་ཐད་ཕྱག་ལས་གནང་བཞིན་ཡོད་སྐོར་དང་། འཛམ་གླིང་ཊི་སྦི་ཉིན་མོ་འདི་དང་བསྟུན་ནས་ཁང་པ་དབུ་འབྱེད་དང། མེག་གྷན་དུ་རིན་མེད་ཐོག་ནས་ཊི་སྦི་ནད་གཞི་བརྟག་དཔྱད་བྱས་པ་དང་མཉམ་དུ། ཁྲོམ་གཞུང་ནང་ཡིག་ངག་གཉིས་ཐོག་ནས་ནད་གཞི་སྔོན་འགོག་གི་གོ་རྟོགས་སྤེལ་ཐབས། དྷ་སྟེང་བོད་ཁྱིམ་ནང་ལྷ་རྗེ་དང་སྨན་གཡོག་སོགས་ཆེད་དུ་བཅར་ནས་ནད་གཞི་སྔོན་འགོག་ལས་གཞི་གནང་ཡོད་པའི་སྐོར་གསུངས་སོང།

དེ་བཞིན་འཕྲོད་བསྟེན་བཀའ་བློན་དང་ལྷ་རྗེ་ཚེ་བརྟན་རྣམ་གཉིས་ཀྱིས་། བོད་མི་ཚོས་ཊི་སྦི་ནད་གཞིའི་ཐད་ལ་དོ་སྣང་བྱེད་དགོས་པ་དང། དམིགས་སུ་བཀར་ནས་ཊི་སྦི་ནད་པ་མང་ཆེ་བ་ན་གཞོན་ཡིན་པས། སློབ་གྲྭའི་ཉལ་ཁང་དང་ཞལ་ལག་བཅས་མི་མང་མཉམ་སྡོད་བྱེད་སར། མི་གཅིག་ལ་ནད་གཞི་འདི་ཡོད་ན་སྔོན་འགོག་བྱེད་པ་དང་སྨན་བཅོས་བྱེད་པ་སོགས། དུས་ཐོག་དྲག་ཐབས་མ་བྱས་ན་ཚང་མར་ནད་གཞི་འདི་འགོས་འགྲོ་ཡི་ཡོད་སྐོར་སོགས། གསར་འགོད་པའི་དྲི་བ་ལན་འདེབས་གནང་སོང།