ཐའེ་ཝན་གྱིས་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་པ་རྣམས་ལ་མྱ་ངན་ཞུས།
ཐའེ་ཝན་གཞུང་ཕྱོགས་ནས་བདུན་ཕྲག་གཅིག་སྔོན་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་པའི་མི་༡༡༦ རྣམས་ཀྱི་ཆེད་དུ་ཉིན་གཅིག་རིང་མྱ་ངན་ཞུས་པ་དང་དུས་མཚུངས། ཐའེ་ཝན་ས་ཁུལ་འདྲ་མིན་གྱི་ཁང་པའི་འཛུགས་སྐྲུན་སྤུས་ཚད་ལ་བརྟག་དཔྱད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
ཐའེ་ཝན་གཞུང་ཕྱོགས་ནས་བཀའ་རྒྱ་བསྒྲགས་ཏེ་རེས་གཟའ་ཟླ་བའི་ཉིན་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ་ཡོངས་རྫོགས་ཀྱིས་རྒྱལ་དར་ཕྱེད་ཀར་ཕབ་སྟེ། ཕྱི་ཟླ་༢ ཚེས་༦ ཉིན་གྱི་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་མྱ་ངན་ཞུས་ཡོད་ཅིང་། ཐེངས་འདིའི་ས་ཡོམ་ཚད་རིམ་༦།༤ ཅན་གྱིས་ཁང་བརྩེགས་མཐོ་བོ་ཞིག་རྡིབ་བཤིག་བཏང་སྟེ་མི་གཉིས་ཕུད། གཞན་ཁང་ཆེན་དེའི་ནང་གི་མི་ཆ་ཚང་རྐྱེན་ལམ་དུ་བཏང་ཡོད་པ་མ་ཟད། ས་ཡོམ་དེའི་ཁྲོད་མི་༥༥༠ ཙམ་ལ་རྨས་སྐྱོན་བཟོས།
ཐེངས་དེའི་ས་ཡོམ་གྱི་སྒུལ་ཤུགས་དེ་ཐའེ་ཝན་ལྷོ་ཕྱོགས་སུ་ཚད་རིམ་༥ ལས་སླེབས་མེད་པ་དང་། སྤྱིར་ཐའེ་ཝན་གྱི་ཁང་པའི་འཛུགས་སྐྲུན་མང་ཤོས་ཀྱིས་ཚད་རིམ་དེ་དང་མཚུངས་པའི་ས་ཡོམ་གྱི་འཇིགས་པ་བཀག་ཐུབ་ཀྱི་ཡོད་འདུག་པར་བརྟེན། མིག་སྔར་ཐའེ་ཝན་འབྲེལ་ཡོད་བརྟག་ཞིབ་ལས་ཁུངས་ནས་གཏོར་སྐྱོན་ཐེབས་པའི་ཁང་པའི་ཨར་ལས་གནད་དོན་གྱི་འགན་ཁུར་མི་སྣར་འདྲི་བརྩད་དང་བརྟག་དཔྱད་བྱེད་བཞིན་ཡོད་འདུག
རྡིབ་བཤིག་ཐེབས་པའི་ཁང་བརྩེགས་ཞིག་རལ་ཁྲོད་ནས་ཆེས་མཇུག་མཐའི་ཕུང་པོ་ཁ་ཤས་རྙེད་སོན་བྱུང་བའི་རྗེས། ཐའེ་ཝན་གཞུང་ཕྱོགས་ནས་རེས་གཟའ་ཉི་མའི་ཉིན་མྱུར་སྐྱོབ་ལས་དོན་མཚམས་འཇོག་བྱས་ཡོད་པ་དང་། ཕྱི་ལོ་༡༩༩༩ ལོའི་ཐའེ་ཝན་གྱི་ས་ཡོམ་ཆེན་མོ་ནས་བཟུང་། ཐེངས་འདི་ནི་ཐའེ་ཝན་དུ་ཤི་རྨས་ཆེས་ཚབས་ཆེ་བའི་ས་ཡོམ་ཞིག་ཏུ་གྱུར་ཡོད་ཅིང་། ༡༩༩༩ ལོའི་ས་ཡོམ་ཚད་རིམ་༧།༦ ཅན་གྱིས་མི་༢༣༠༠ ལྷག་རྐྱེན་ལམ་དུ་བཏང་ཡོད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།