བོད་ཀྱི་ཟློས་གར་ཚོགས་པ་ལོ་༥༥འཁོར་བའི་མཛད་སྒོ།
ཕྱི་ཟླ་༩ ཚེས་༨ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་༥༥ འཁོར་བའི་དུས་དྲན་གྱི་མཛད་སྒོ་དེ་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་གཙོས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་སྐུ་ཚབ། དེ་བཞིན་ཟུར་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་མི་མང་བཅས་ཕེབས་ཡོད་པ་རེད།
༢༠༡༤ ལོ་འདི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་མཚོན་དོན་དུ། སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཟློས་གར་སྐལ་བཟང་ཕོ་བྲང་ནས་གདན་འདྲེན་གྱི་བཞུགས་ཁྲིར་བཀོད་རྗེས། ཟློས་གར་སྤྱི་ཁྱབ་འགན་འཛིན་ཚེ་རིང་དབྱངས་སྐྱིད་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་གནང་སོང་། དེ་རྗེས་ཟློོས་གར་གྱི་རྒྱ་ལུ་དང། རྔོན་པའི་རུ་ཁག་གཉིས་བར་རྐང་བྲོ་གླུ་གཞས་འགྲན་སྡུར་བྱས་པ་དང་། བརྒྱ་ཆ་ཕྱེད་ཀའི་ཁྱད་པར་ཤོར་ནས་རྐང་བྲོ་འགྲན་སྡུར་གྱི་ཐ་མའི་རྒྱལ་ཁ་དེ་རྒྱ་ལུ་རུ་ཁག་ལ་ཐོབ་ཡོད་པ་རེད། ཟློས་གར་ཚེམས་ཁང་གི་ལས་བྱེད་བདེ་ལེགས་ཆོས་འཛོམས་དང་། བསྟན་འཛིན་ཆོས་སྒྲོན། རྩ་དགོངས་སོང་བའི་ལྷ་མོའི་དགེ་རྒན་བསོད་ནམས་ཕུན་ཚོགས་བཅས་ལ་ལེགས་སོའི་ཕྱག་ཁྱེར་ དང་། དེ་བཞིན་ཟུར་དཔང་རྣམ་པར་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས་དང། འགྲན་སྡུར་གྱི་བྱ་དགའ་སྲིད་སྐྱོང་གིས་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། “བོད་ཀྱི་ཟློས་གར་ཚོགས་པའི་སྒྲིག་འཛུགས་འདིས་བོད་པའི་ཟློས་གར་རིག་གནས་ལ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་པ་མ་ཟད། གཞི་རིམ་སློབ་གྲྭ་ཁག་གི་ནང་ད་བར་ཟློས་དགེ་༤༠༠ ལྷག་བཏང་ནས། བོད་པའི་སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་བཀའ་ཤག་སྐབས་༡༤ པའི་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན་”ཞེས་སོགས་གསུངས་སོང་། མཐར་སྒྱུ་རྩལ་སློབ་འཁྲིད་འགན་འཛིན་བློ་བཟང་བསམ་གཏན་གྱིས་སྐུ་མགྲོན་རྣམས་ལ་ཐུགས་རྗེའི་ཆེ་ཞུས་རྗེས་མཛད་སྒོ་གྲོལ་ཡོད་པ་རེད།།