དྷ་ས་ས་གནས་འགོ་འཛིན་གྱི་འོས་མིའི་ལས་འཆར་སྐོར་ལ་བགྲོ་གླེང།
ཟླ་འདིའི་ཚེས་༡ཉིན་དྷ་ས་ས་གནས་འགོ་འཛིན་གྱི་འོས་བསྡུ་སླེབས་ལ་ཉེ་བར་བརྟེན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོགམི་མང་ལ་ས་གནས་འགོ་འཛིན་གྱི་འོས་མི་གསུམ་གྱིས་ལས་འཆར་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།

དེ་ཡང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ད་ལྟའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་དང་། གངས་ལྗོངས་འགྲིམ་འགྲུལ་ལས་ཁུངས་ཀྱི་འགན་འཛིན་ཟླ་བ་རིན་ཆེན།དྷ་ས་ས་གནས་འཐུས་མི་བསྟན་འཛིན་སྒྲོལ་མ་གསུམ་ས་གནས་འགོ་འཛིན་གྱི་འོས་མིར་བཏོན་ཏེ། ཟླ་འདི་ཚེས་༡ཉིན་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་འོས་མི་གསུམ་གྱི་བར་བགྲོ་གླེང་གཏམ་བཤད་ཅིག་གོ་སྒྲིག་བྱས་ཡོད་པ་རེད།
ཟླ་བ་རིན་ཆེན་གྱིས་ཁོང་འོས་མིར་ལངས་དགོས་པའི་དམིགས་ཡུལ་དང་ལས་འཆར་སྐོར་ངོ་སྤྲོད་གནང་སྐབས། བོད་མི་ཚོ་མིའི་ལུང་པར་སྐྱབས་བཅོལ་བྱས་ནས་བསྡད་ཡོད་པས། ས་གནས་ཡུལ་ཁྲིམས་སྐོར་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དང་ས་གནས་ཡུལ་མི་དང་མཐུན་ལམ་ཡོང་ཐབས་བྱེད་རྒྱུ་དང་། མི་མང་གི་བདེ་སྡུག་རྣམས་བོད་མིའི་སྒྲིག་འཛུགས་དང་ཧི་མ་ཅལ་མངའ་སྡེའི་གཞུང་ལ་ཞུས་ཏེ།དཀའ་ངལ་སེལ་ཐབས། མི་མང་སྐྱོ་པོའི་རིགས་ལ་དམིགས་བསལ་ལྟ་རྟོགས་ཡོང་ཐབས་བྱེད་རྒྱུ། ༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་ཡོང་ཐབས་དང་། ༧གོང་ས་མཆོག་གི་དགོངས་གཞི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དགོངས་ལམ་སྟོན་ལག་བསྟར་ཞུ་རྒྱུ། དྷ་སའི་ཁོར་ཡུག་གཙང་བཟོ་དང་། གཞུང་ལམ་ཡར་རྒྱས་གཏོང་ཕྱོགས་ལ་ས་གནས་འབྲེལ་ཡོད་སོ་སོར་ཞུ་གཏུགས་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
བསྟན་འཛིན་སྒྲོལ་མས་ཁོང་འོས་བསྡུའི་ནང་ལངས་དགོས་པའི་དམིགས་ཡུལ་དང་ལས་འཆར་སྐོར་གསུང་སྐབས། ༧གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་བྱེད་རྒྱུ་དང་། ༧གོང་ས་མཆོག་གི་སྐུ་ཕྱྭར་སྲུང་སྐྱོབ་ཡོང་ཐབས་ཆེད་མི་མང་ཁྲོད་གོ་རྟོགས་སྤེལ་རྒྱུ། དྷ་སའི་ཁོར་ཡུག་གཙང་བཟོ་དང་། གཞུང་ལམ་ཡར་རྒྱས་ཡོང་ཐབས་སུ་འབྲེལ་ཡོད་དཔོན་རིགས་ཁག་ལ་ཞུ་གཏུག་བྱེད་རྒྱུ། རྒྱ་གར་ཡུལ་མི་དང་བོད་མིའི་བར་མཐུན་ལམ་ཡོང་ཐབས། ས་གནས་སུ་བདེ་འཇགས་ཡོང་ཐབས། མི་མང་གི་མངོན་འདོད་དང་དགོས་མཁོ་ཤེས་རྟོགས་ཡོད་པའི་ཐོག་ནས་ལས་དོན་བྱེད་རྒྱུ། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ཡག་པོ་ཡོང་ཐབས་སུ། བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གཞིར་བཞག་ཐོག་ལག་བསྟར་ཡོང་ཐབས། བཙན་བྱོལ་ནང་གི་བདེ་སྡུག་ཙམ་མ་ཡིན་པར། བོད་ཀྱི་བདེན་མཐའ་གསལ་རྒྱུ་གལ་ཆེན་དུ་བརྩི་ཡི་ཡོད་སྐོར། ས་གནས་འགོ་འཛིན་གྱི་འོས་བསྡུའི་ནང་བུད་མེད་ལངས་པ་དང་པོ་དེ་ཡིན་པས། བུད་མེད་ཀྱི་སྡིངས་ཆ་གལ་ཆེན་དུ་བརྩི་ཡི་ཡོད་སྐོར་གསུངས་སོང་།
བསོད་ནམས་རྡོ་རྗེས་ཁོང་འོས་བསྡུའི་ནང་བསྐྱར་དུ་ལངས་དགོས་པའི་དམིགས་ཡུལ་སྐོར་གསུང་སྐབས། ཁོང་གི་ལོ་གསུམ་རིང་ས་གནས་འགོ་འཛིན་བྱས་ཏེ། བྱས་རྗེས་ཆེན་པོ་ཞིག་འཇོག་ཐུབ་མེད་ནའང་། བཙན་བྱོལ་གཞུང་གི་སྒྲིག་འཛུགས་གཏོར་མེད་སྐོར་དང་། མི་མང་གི་དཀའ་ངལ་སེལ་ཐུབ་མེད་ནའང་། དཀའ་ངལ་ལ་ཉན་ཐུབ་པ་ཞིག་བྱས་ཡོད་སྐོར་དང་། ཚང་མས་༧གོང་ས་མཆོག་གི་སྐུ་ཕྱྭ་གལ་ཆེན་དུ་བརྩི་ཡི་ཡོད་པས། དེའི་ཆེད་དུ་ཕེབས་ལམ་དུ་ཡག་པོ་ཡོང་ཐབས་བྱེད་རྒྱུ་ཡིན་སྐོར། ཕྱོགས་ཞེན་མེད་པའི་ཐོག་ནས་ཉམ་ཐག་ལ་ལྟ་སྐྱོང་ཡོང་ཐབས། གོང་རིམ་བར་གྱི་ལྟ་སྟངས་མེད་པ་བྱས་ནས། མི་མང་དཀྱུས་མ་དང་མཉམ་དུ་འགྲོགས་ཏེ། མི་མང་གི་བདེ་སྡུག་ཤེས་རྟོགས་ཡོང་ཐབས་བྱེད་རྒྱུ། དྷ་སའི་ཟློས་གར་ལམ་དང་། བྷག་སོའི་ལམ་ཁའི་སྡོད་ཁང་༢༠༠ ལྷག་ལོ་༥༠ རིང་ཁྲིམས་མཐུན་བྱེད་མ་ཐུབ་པའི་དཀའ་ངལ་ཡོད་པ་དེ་ཁྲིམས་མཐུན་བཟོ་ཐབས། མེག་གྷན་གྱི་ཐང་ཁྲོམ་སྟོན་མཁན་ཚོར་ཚོང་ཁང་གསར་རྒྱག་གི་ལས་གཞི་ཡོད་པ་དེ་ལག་བསྟར་ཡོང་ཐབས་བྱེད་རྒྱུ། འཕྲོད་བསྟེན་ཡར་རྒྱས་ཡོང་ཐབས་སུ་གཞོན་སྐྱེས་ཚོ་མཉམ་རུབ་ཀྱིས་རྩེད་མོ་རྩེད་ས་དང་། མི་མང་ལ་ཚོགས་ཁང་ཞིག་གསར་རྒྱག་བྱེད་འཆར། ཁོར་ཡུག་གཙང་བཟོ་ཡོང་ཐབས་སུ་གད་སྙིགས་གང་སར་མི་གཡུག་ཆེད་ལྟ་རྟོག་བརྙན་འཕྲིན་(CCTV) ཁག་ཅིག་འཛུགས་འཆར། གད་སྙིགས་དབོར་འདྲེན་གྱི་རླངས་འཁོར་ཞིག་ཉོ་རྒྱུ། ས་གནས་བདེ་འཇགས་ཡོང་ཐབས་སུ་རྒྱ་གར་ས་གནས་དཔོན་རིགས་ལ་འབྲེལ་ལམ་དང་། མང་ཚོགས་ལ་ཁྲིམས་ཀྱི་གོ་རྟོགས་སྤེལ་ཐབས། བུད་མེད་ལ་མནར་གཅོད་དང་བཙན་གཡེམ་རིགས་འགོག་ཆེད་དམིགས་བསལ་ཚོགས་ཆུང་ཞིག་འཛུགས་འཆར་ཡོད་སྐོར་སོགས་སོང་།
ཚོགས་ཐོག་ཏུ་མི་མང་པོ་འཛོམས་ཐུབ་མེད་ནའང་།འོས་མི་རྣམས་ཀྱིས་གཏམ་བཤད་ཚར་རྗེས་ཚོགས་ཞུགས་པའི་དྲི་བར་ལན་འདེབས་གནང་བ་སོགས་བགྲོ་གླེང་བྱས་ཡོད་པ་རེད།
བཙན་བྱོལ་བོད་མིའི་སྡོད་གནས་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་ས་གནས་ཀྱི་མི་མང་གིས་འོས་འདེམས་བྱས་ཏེ་བསྐོ་བཞག་བྱེད་དགོས་ཀྱི་ཡོད་ནའང་།ས་གནས་མང་ཆེ་བར་འོས་འདེམས་བྱེད་མ་ཐུབ་པར། གཞུང་གིས་ཐད་ཀར་ས་གནས་འགོ་འཛིན་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད། དྷ་སར་མཚོན་ན་ཐེངས་འདི་ས་གནས་འགོ་འཛིན་མི་མང་གིས་འོས་འདེམས་བྱས་པ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།།